གླུ་བ་པདྨ་རིག་འཛིན་ལ་ཁྲིམས་ཆད།
རྔ་བའི་གླུ་བ་པདྨ་རིག་འཛིན་ལ་ལོ་༢ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་༥༠༠༠༠ ། ཉེས་ཆད་བཅད་ཡོད་འདུག
རྔ་བའི་གླུ་བ་པདྨ་རིག་འཛིན་ལ་ལོ་༢ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་༥༠༠༠༠ ། ཉེས་ཆད་བཅད་ཡོད་འདུག
དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་༡༡ ཚེས་༢༧ ཉིན་བོད་མདོ་སྨད་རྔ་བའི་གླུ་བ་པདྨ་རིག་འཛིན། རང་ལོ་༤༤ ཡིན་པ་ཁོང་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་སྐད་གླུ་གཞས་འོད་སྡེར་སྒྲིག་སྦྱོར་དང་པར་སྐྲུན་བྱས་པའི་ཉེས་མིང་འོག་རྒྱ་ནག་ཁྲིན་ཏུའུས་གྲོང་ཁྱེར་གྱི་ཅེན་ཉོས་ཆས་འབྲིང་རིམ་མི་དམངས་ཁྲིམས་ཟེར་བས་ལོ་༢ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་༥༠༠༠༠ ། ཉེས་ཆད་བཅད་ཡོད་འདུག
ཁོང་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༧ ཉིན་ཁྲིན་ཏུའུས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ད་བར་བཀག་ཉར་ཁང་དུ་ལྷག་ཡོད་འདུག ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མི་རེ་ཟུང་ཁྲིམས་རར་འགྲོ་བཅུག་ཡོད་ཀྱང་ནང་མིར་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲད་མེད་པ་རེད།
གླུ་བ་པདྨ་རིག་འཛིན་ལགས་ནི་དམངས་ཁྲོད་ཀྱི་གཞས་པ་ཞིག་ཡིན་པ་དང་། ༡༩༨༢ ལོ་ནས་བཟུང་ཁོང་གིས་(གངས་ལྗོངས་དྲན་གླུ) དང་ (མིག་ཆུ) སོགས་བོད་མི་རིགས་ཀྱི་གནས་བབ་མཚོན་པའི་གླུ་གཞས་མང་པོ་ལེན་མགོ་བརྩམས་ཤིང་། ཁོང་གི་ཕ་སྐད་གླུ་གཞས་སྒྲ་ཐག་དང་འོད་སྡེར་དག་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཆེན་པོ་ཡོད་པ་དང་། ཕྱི་ལོ་༢༠༠༨ ལོ་ཙམ་ནས་ཁོང་གིས་རྒྱུན་ལྡན་གྱི་གླུ་གཞས་གཏོང་མཚམས་བཞག་སྟེ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གློག་བརྙན་སྒྲིག་བཟོ་ཁང་ཞིག་གསར་འཛུགས་ཀྱིས། བོད་ཁམས་ཀྱི་གཞས་བ་གཞས་མ་མང་པོའི་མི་རིགས་ཀྱི་ལས་དབང་དབྱངས་སུ་གྱེར་བའི་གླུ་གཞས་ཆེད་བསྒྲིགས་མང་པོ་སྒྲིག་བཟོ་བྱས་ཡོད་ཅིང་། རྒྱ་གཞུང་གི་ཉེན་རྟོག་པས་དེ་སྔོན་པདྨ་རིག་འཛིན་ལགས་སུ། གློག་བརྙན་སྒྲིག་བཟོ་ཁང་དེ་སྒོ་རྒྱག་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་འདུག
ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་ ༤ པ་ནས་ཡིན་ཞིང་། ཁོང་རང་ཆུང་དུས་ནས་རྔ་པ་རྫོང་གནམ་མཚོ་དགོན་པ་རུ་གྲྭ་བ་བྱས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་ལ། ཕྱིས་སུ་སྐྱ་སར་བབས་ཏེ་བཟའ་ཟླ་བཀྲ་ཤིས་ཆོས་སྒྲོན་དང་གཉེན་སྒྲིག་གིས་ད་ལྟ་བུ་ ༢ དང་བུ་མོ་༡ བཅས་ཡོད་འདུག ཁོང་གི་ཕ་མ་གཉིས་གྲོངས་ཚར་ཡོད་པ་རེད་འདུག