གྷན་དྷིའི་འཁྲུངས་སྐར་ཉིན་གྷན་དྷིའི་པུར་ཐལ་རྐུ་རུ་ཤོར་བ།
ཟླ་འདིའི་ཚེས་༣ ལ་བྷེ་བྷེ་སི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་སྣེ་འཁྲིད་མཁན་གྷན་དྷི་སྐུ་འཁྲུངས་ནས་ལོ་ངོ་༡༥༠ འཁོར་བའི་འཁྲུངས་སྐར་ཉིན། ཁོང་གི་པུར་ཐལ་སྐུ་རུ་ཤོར་བ་མ་ཟད། སྐུ་པར་གྱི་ངོས་སུའང་མ་རུང་བའི་ཡི་གེ་བྲིས་ནས་བཞག་པའི་གནས་ཚུལ་བྱུང་ཡོད་འདུག
ཟླ་འདིའི་ཚེས་༣ ལ་བྷེ་བྷེ་སི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་སྣེ་འཁྲིད་མཁན་གྷན་དྷི་སྐུ་འཁྲུངས་ནས་ལོ་ངོ་༡༥༠ འཁོར་བའི་འཁྲུངས་སྐར་ཉིན། ཁོང་གི་པུར་ཐལ་སྐུ་རུ་ཤོར་བ་མ་ཟད། སྐུ་པར་གྱི་ངོས་སུའང་མ་རུང་བའི་ཡི་གེ་བྲིས་ནས་བཞག་པའི་གནས་ཚུལ་བྱུང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢ ཉིན་རྐུན་མ་ཁག་ཅིག་གིས་རྒྱ་གར་དབུས་ཀྱི་མངའ་སྡེ་མཱ་དྷེ་ཡི་རཱེ་ཝ་རྫོང་(Madhya Pradesh’s Rewa distric) དུ་ཡོད་པའི་བྷ་བྷུ་བྷ་ཝན་དྲན་རྟེན་ཁང་(Bapu Bhawan memorial) ནས་གྷན་དྷིའི་པུར་ཐལ་ཁྱེར་བ་མ་ཟད། ཁོང་གི་སྐུ་པར་ངོས་སུ་“རྒྱལ་འཚོང་བ་”ཞེས་པའི་ཧིན་དུའི་ཡི་གེ་བྲིས་ནས་བཞག་ཡོད་པ་དང་། གནས་ཚུལ་དེར་ད་ལྟ་ས་གནས་འབྲེལ་ཡོད་ཉེན་རྟོག་པས་རྩད་གཅོད་ཞིབ་འཇུག་བྱེད་པའི་སྒང་ཡིན་འདུག
རྒྱ་གར་ལ་རང་བཙན་ཐོབ་པའི་ལོ་སྟེ། ༡༩༤༨ ལོར་ཧིན་དུའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཞིག་གིས་མེ་མདའ་བརྒྱབས་ནས་གྷན་དྷི་སྐུ་བཀྲོངས་རྗེས། ཁོང་གི་སྐུ་ཕུང་མེར་སྲེག་བཏང་ཡོད་ཀྱང་། པུར་ཐལ་ཧིན་དུའི་ལུགས་སྲོལ་ལྟར་གཙང་པོའི་ནང་མ་གཏོར་བར་བུམ་པའི་ནང་བླུགས་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་དྲན་རྟེན་ཁང་སྣ་ཚོགས་སུ་བཏང་ཡོད་པ་དང་། བྷ་བྷུ་བྷ་ཝན་དྲན་རྟེན་ཁང་ནས་རྐུ་རུ་ཤོར་བའི་པུར་ཐལ་དེ་ཡང་ལོ་དེར་བཏང་འབྱོར་བྱུང་ནས་ད་བར་ཉར་ཚགས་བྱས་པ་ཞིག་ཡིན་འདུག
གནད་དོན་དེ་དང་འབྲེལ་བའི་ཐོག་ལ། རྫོང་གི་ཀོང་རི་སིའི་འགོ་ཁྲིད་གྷོ་མར-སིན་(Gurmeet Singh)གིས “འདི་ནི་གྷན་དྷིའི་ལྟ་གྲུབ་ལ་སླར་ཡང་ངོ་ཚ་གཏེར་བ་ཞིག་ཡིན་ཞིང་། ཏན་ཏན་གྷན་དྷི་བཀྲོངས་མཁན་ནཱ་དྷུ་རཱམ-གྷི་ཌི(Nathuram Godse) ཡི་རྗེས་འབྲང་བ་ཚོས་བྱས་པ་ཡིན་ངེས། བསམ་ཡུལ་ལས་འདས་པའི་བྱ་སྤྱོད་འདི་ངེས་པར་དུ་མཚམས་འཇོག་བྱེད་དགོས། ངས་རཱེ་ཝ་རྫོང་གི་ཉེན་རྟོག་པར་བྷ་བྷུ་བྷ་ཝན་དྲན་རྟེན་ཁང་གི་ནང་ལ་བསྒར་བའི་གློག་མིག་ཡོད་ཚད་ཞིབ་བཤེར་བྱས་ཏེ་ཉེས་ཅན་པ་འཛིན་བཟུང་བྱེད་དགོས་ཟེར་ཡོད་”ཅེས་བརྗོད་ཡོད་འདུག
དྲན་རྟེན་ཁང་དེའི་དོ་དམ་པ་མཱན་གྷལ-ཋ་ཝ་རི་(Mangaldeep Tiwari) ཡིས་“གྷན་དྷིའི་འཁྲུངས་སྐར་ཡིན་པས། ངས་ཞོགས་པ་སྔ་པོ་ནས་དྲན་རྟེན་ཁང་གི་སྒོ་ཕྱེ་བ་ཡིན། ང་རང་དགོང་མོའི་ཆུ་ཚོད་༡༡ ཙམ་ལ་ཕྱིར་ལོག་དུས། གྷན་དྷིའི་པུར་ཐལ་མེད་པ་དང་། ཁོང་གི་སྐུ་པར་ལ་གཏོར་སྐྱོན་བཏང་ཡོད་པ་མཐོང་བྱུང་། འདི་ནི་ངོ་ཚ་དགོས་པ་ཞིག་རེད་”ཅེས་བརྗོད་ཡོད་འདུག
གྷན་དྷིས་འཚེ་མེད་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་དེ་དབྱིན་ཇིའི་མི་སེར་སྤེལ་བའི་སྲིད་དབང་ལ་ཁ་གཏད་བཅག་ནས་འཛམ་གླིང་མི་མང་ལ་སྙིང་སྟོབས་གསར་པ་ཞིག་བསྐྱེད་པ་དང་། རྒྱ་གར་ཕལ་མོ་ཆེས་ད་དུང་ཡང་ཁོང་“རྒྱལ་ཁབ་ཀྱི་ཡབ་ཆེན་”དུ་བརྩིས་ནས་གུས་བཀུར་ཞུ་བཞིན་ཡོད་མོད། འོན་ཀྱང་ཧིན་དུའི་ལྟ་བ་མཁྲེངས་འཛིན་བྱེད་མཁན་དག་གིས་ཁོང་གིས་ཁ་ཆེ་ལ་དགའ་མོས་བྱེད་རྒྱུ་མང་དྲགས་ནས་ཧིན་དུ་རྣམས་བཙོངས་པ་མ་ཟད། ཐ་ན་ཁོང་ལ་བརྟེན་ནས་རྒྱ་གར་དུམ་བུ་གཉིས་སུ་གྱེས་ཏེ་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱུང་བའི་ཉེས་འཛུགས་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།