ང་དབུས་གཙང་ཆོལ་ཁའི་ནང་ནས་སྲིད་སྐྱོང་དུ་ལངས་པ་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་ཡིན།
“སྲ་བརྟན་དུ་གནས་ཐབས་སུ་ལམ་ཀ་གསུམ་དང་། འཐུས་ཤོར་སོང་བའི་དཀའ་ངལ་གཉིས་ཐོག་འབད་བརྩོན་བྱེད་རྒྱུ་ཡིན། འགན་མ་ཁུར་བའི་སྤྱི་འཐུས་བརྒྱ་ཆ་མང་བ་ཡོད་པ་བརྗེ་པོ་རྒྱག་ཐབས། ང་དབུས་གཙང་ཆོལ་ཁའི་ནང་ནས་སྲིད་སྐྱོང་དུ་ལངས་པ་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་ཡིན་”ཞེས་དམག་ཟུར་བཀྲ་ཤིས་སྟོབས་རྒྱལ་གྱིས་གསུངས་སོང་།
“སྲ་བརྟན་དུ་གནས་ཐབས་སུ་ལམ་ཀ་གསུམ་དང་། འཐུས་ཤོར་སོང་བའི་དཀའ་ངལ་གཉིས་ཐོག་འབད་བརྩོན་བྱེད་རྒྱུ་ཡིན། འགན་མ་ཁུར་བའི་སྤྱི་འཐུས་བརྒྱ་ཆ་མང་བ་ཡོད་པ་བརྗེ་པོ་རྒྱག་ཐབས། ང་དབུས་གཙང་ཆོལ་ཁའི་ནང་ནས་སྲིད་སྐྱོང་དུ་ལངས་པ་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་ཡིན་”ཞེས་དམག་ཟུར་བཀྲ་ཤིས་སྟོབས་རྒྱལ་གྱིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དབུས་གཙང་ཆོལ་ཁའི་ཚོགས་ཁང་དུ་དམག་མི་ཟུར་པ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཁོང་སྲིད་སྐྱོང་དུ་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཡོད་པ་རེད།
ཁོང་གིས་ཐོག་མར་སྲིད་སྐྱོང་དུ་བཞེངས་དགོས་པའི་དམིགས་ཡུལ་སྐོར་གསུང་དོན། “དབུས་གཙང་མི་འབོར་ཆེན་པོ་དེའི་ནང་སྲིད་སྐྱོང་གི་འོས་མིར་ལངས་མཁན་མི་འདུག རྟེན་འབྲེལ་ཡག་པོ་མི་འདུག་ཟེར་གྱི་འདུག རྟེན་འབྲེལ་མི་འཆུག་པའི་ཆེད་དུ་དབུས་གཙང་ལ་མི་གཅིག་ཡོད་ཟེར་ཆེད་དུ་ཡིན་”ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་སློབ་དཔོན་ཆེན་མོ་དང་། སྤྱི་འཐུས་ཚོགས་གཙོའི་ཉམས་མྱོང་ཡོད་པ། སྲིད་སྐྱོང་བློ་བཟང་སེང་གེ་ཧ་ཝིར་ཊི་ནས་ཐོན་པ། བཀྲ་ཤིས་དབང་འདུས་མཐོ་སློབ་ཐོན་པ་དང་ལོ་མང་གི་ཉམས་མྱོང་ཡོད་པ། སྤེན་པ་ཚེ་རིང་སྤྱི་འཐུས་ཚོགས་གཙོ་དང་བོད་ཀྱི་གྲོས་ཚོགས་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གནང་བའི་ཉམས་མྱོང་ཆེན་པོ་ཡོད་མཁན་གཅིག་ལས་གཅིག་ཡག་པོ་བྱུང་ཡོད་པ་རེད། ང་ལ་དེ་འདྲ་གང་ཡང་མེད། ང་བྱང་ཐང་ནས་ལུག་རྫིར་ལོ་༡༦ ལ་སོང་བ་དང་དམག་མིའི་ནང་ལོ་༡༤ བསྡད་པ་ལས་གང་ཡང་མེད། ད་ལྟའི་སྲིད་སྐྱོང་ངེད་གཉིས་བར་གྱི་ཁྱད་པར་དེ་ཁོང་ཧ་ཝར་ཊི་ནས་ཐོན་པ་དང་། ང་རྗེས་ལུས་(Backward)ཐེབས་བསྡད་པ་ཞིག་རེད། དེ་མ་གཏོགས་ཁྱད་པར་གང་ཡང་མེད། མི་གཅིག་པ་ཡིན་པ་དང་། རྣམ་དཔྱོད་གཅིག་པ་ཡིན་པ། ཁྱད་ཆོས་ག་རེ་ཡོད་པ་མི་སོ་སོས་ཧ་གོ་བ་ལས། འདི་རེད་ཅེས་གཞན་པས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་མེད་པ་རེད་”ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་བོད་མིའི་གྲངས་ཀ་ཉུང་ཉུང་ཡིན་པས། ཕྱི་རྒྱལ་ཁག་ཏུ་བཏང་ན་དེ་ལ་ངོས་ལེན་མེད་སྐོར་དང་། རྒྱ་གར་ནང་བོད་མི་ཚོའི་འཚོ་རྟེན་གཅིག་སུད་ཚོང་ཡིན་པས། དེའི་ཐོག་ལོ་གཅིག་གཉིས་རིང་ཚོང་ཡག་པོ་མ་བྱུང་ན་གཞིས་ཆགས་ཆ་ཚང་བུ་ལོན་ནང་དུ་ལྷུང་ཉེན་ཡོད་སྐོར་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་སྐབས་ཞུས་པ་དང་། ཨེ་ཙི་རལ་ལ་མི་གཏོང་ཐུབ་ན་ལོ་ཤས་རིང་དངུལ་བསགས་ནས་ཚུར་སླེབས་ཡོང་གི་རེད་ཅེས་ཞུས་སྐོར། དེའི་སྐབས་རྒྱ་རི་སྒྲོལ་མས་དེ་ཡག་པོ་འདུག་གསུངས་པས། ཁོང་བཀའ་ཁྲིར་བཞེངས་རྒྱུར་རྒྱབ་སྐྱོར་བྱས་ནས་དེའི་སྐབས་འགྲོ་སོང་གང་འཚམས་བཏང་སྐོར་ཡང་གསུངས་སོང་།
དེ་བཞིན་ཁོང་གིས་བོད་གཞུང་གི་མ་དངུལ་ཆེད་དུ་རྒྱ་མཚོའི་ཆུ་ཐིགས་ལས་གཞིའི་འོག་ཞལ་འདེབས་སློང་རྒྱུ་བྱས་ཀྱང་། དངུལ་དེ་བཀའ་ཤག་གི་དཔལ་འབྱོར་ལས་ཁུངས་དང་ནང་སྲིད་ལས་ཁུངས་གང་བརྒྱུད་ཡོང་དགོས་སྐོར་སྐད་ཆ་དྲིས་ཀྱང་ལམ་སྟོན་གང་ཡང་མ་བྱུང་སྐོར་སོགས་གསུངས་སོང་།
དེ་བཞིན་བོད་མི་ཚོས་ཡོང་འབབ་ཀྱི་ཁྲལ་རྒྱ་གར་ལ་སྤྲོད་མི་དགོས་པ་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་དང་། དཔྱ་ཁྲལ་དེ་རྒྱ་གར་ནང་གི་རྗེས་ལས་ཡིན་པ་ཚོས་སྤྲོད་དགོས་ཀྱི་མེད་པས། ང་ཚོར་ས་ཆ་ཆུང་ཚགས་ཙམ་ཡང་མེད་པ་ཚོས་ཡོང་འབབ་དཔྱ་དངུལ་སྤྲད་མི་དགོས་པ་རྒྱ་གར་གཞུང་ལ་རེ་བ་རྒྱག་རྒྱུ་ཡོད་ནའང་། སྲིད་སྐྱོང་བློ་བཟང་སེང་གེར་ཞུ་དགོས་བསམ་ཡང་གོ་སྐབས་རག་མ་སོང་། ཚོང་བརྒྱབ་སྟེ་དཔྱ་དངུལ་མ་སྤྲད་མཁན་ཚོར་སྤྲད་མི་དགོས་པའི་འགྲོ་སྟངས་དེ་བཟོ་མ་ཐུབ་ན་ཉིན་གཅིག་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་གསུངས་སོང་།
མ་འོངས་པར་གཞོན་སྐྱེས་ཚོར་༧གོང་ས་མཆོག་གི་བཀའ་དྲིན་ངོ་འཕྲོད་པ་ཞིག་བྱེད་དགོས་སྐོར་དང་། བོད་མིའི་སྒྲིག་འཛུགས་ནང་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་མང་དུ་གཏོང་དགོས་སྐོར་ཡང་གསུངས་སོང་།
ཁོང་གིས་བོད་རྒྱ་ཞི་མོལ་སྐོར་གསུང་དོན། སྲིད་སྐྱོང་བློ་བཟང་སེང་གེས་བོད་རྒྱ་ཞི་མོལ་དེའི་ལྡེ་མིག་རྒྱ་ནག་ལག་པར་ཡོད་པས་ཡོང་གི་མེད་སྐོར་གསུངས་ཡོད་རེད། སྐབས་ཤིག་ལ་རྒྱ་ནག་གིས་རང་བཙན་མིན་པའི་སྐད་ཆ་ག་རེ་བཤད་ནའང་འགྲིག་གི་རེད་ཅེས་ལྡེ་མིག་དེ་ང་ཚོའི་སར་གཡུག་པ་རེད། ང་ཚོས་ལམ་ཀ་བཞི་དབུ་མའི་ལམ་དང་རང་བཙན་གཙང་མ། བདེན་པའི་ཨུ་ཚུགས། རང་ཐག་རང་གཅོད་དེ་བཙལ་ནས་བསྡད་པ་དང་། དེ་བཞིན་ནང་ལ་བཀྲ་མ་ཤིས་པ་ཡང་བྱུང་བ་རེད། དབུས་གཙང་དང་མངའ་རིས་རྐུབ་བཀྱག་གི་དོན་དག་ལ་རྒྱག་རེས་བརྒྱབ། མདོ་སྟོད་གསར་པ་རྙིང་པ་འཁྲུག་པ་བརྒྱབ། རྒྱལ་དབང་ཀརྨ་པ་དང་ཞྭ་མར་གྱི་ཀརྨ་པའི་རྙོག་གྲ པཎ་ཆེན་རིན་པོ་ཆེའི་དཀའ་ངལ། དེའི་བར་ནས་དོལ་རྒྱལ་གྱི་རྙོག་གྲ་བྱུང་བ་རེད་ཅེས། ཁོང་གིས་ད་ལྟ་དེའི་ཚོའི་རྙོག་གྲ་མེད་པ་ཆགས་ནས་ཞི་འཇམ་པོ་འདྲ་ཆགས་སྐབས། རྒྱ་ནག་གིས་ལྡེ་མིག་ཕར་ཁྱེར་ནས་ཉར་ཚར་རེད། མ་འོངས་པར་ཡང་དེ་འདྲ་གོ་སྐབས་ཡོང་རྒྱུ་ཡིན་སྐོར་དང་། ཐབས་ལམ་ཡག་ཤོས་དེ་༧སྐྱབས་མགོན་པོ་ཆེས་གསུངས་པའི་དབུ་མའི་ལམ་དེ་ཡིན་སྐོར་དང་། དབུ་མའི་ལམ་གྱི་དགོས་དམིགས་དེ་ཡག་པོ་ཤེས་དགོས་སྐོར་སོགས་གསུངས་སོང་།
དེ་བཞིན་ཁོང་གིས་གྲོས་ཚོགས་འཐུས་མི་ཡག་པོོ་ཡོང་དགོས་སྐོར་དང་། གྲོས་ཚོགས་ནང་འཐེན་ཁྱེར་ཡོད་སྐོར། ཁོང་སྲིད་སྐྱོང་ཐོབ་མིན་མི་མང་གི་ལག་པར་ཡོད་པས། ང་རང་སྲིད་སྐྱོང་ཆགས་ཐབས་ལས་ལྷག་གྲོས་ཚོགས་འཐུས་མི་ཡག་པོ་ཡོང་ཐབས་སུ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་ཡང་གསུངས་སོང་།
ཁོང་གིས་མ་འོངས་ཤུགས་སྣོན་རྒྱག་སའི་སྐོར་གསུང་དོན། “སྲ་བརྟན་དུ་གནས་ཐབས་སུ་ལམ་ཀ་གསུམ་དང་། འཐུས་ཤོར་སོང་བའི་དཀའ་ངལ་གཉིས་ཐོག་འབད་བརྩོན་བྱེད་རྒྱུ་ཡིན། འགན་མ་ཁུར་བའི་སྤྱི་འཐུས་བརྒྱ་ཆ་མང་བ་ཡོད་པ་བརྗེ་པོ་རྒྱག་ཐབས། ང་དབུས་གཙང་ཆོལ་ཁའི་ནང་ནས་སྲིད་སྐྱོང་དུ་ལངས་པ་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་ལངས་པ་ཡིན་ལ། མི་དེ་ལངས་ནས་རྟེན་འབྲེལ་ང་ཚོའི་རྟེན་འབྲེལ་འཆུག་སོང་ལབ་མི་དགོས་པ་ཞིག་ངས་བཤད་ཐུབ་ཡོད་”ཅེས་གསུངས་པ་དང་། དེ་རིང་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་རྒྱུ་མིན་སྐོར་གསུངས་སོང་།
གསར་འགོད་པས་ཁྱེད་སྲིད་སྐྱོང་དུ་བཞེངས་དགོས་པའི་དམིགས་ཡུལ་གཙོ་བོ་དང་། གོང་དུ་འགྲིག་གི་མེད་སྐོར་གསུངས་པ་ལས་དེའི་ཐོག་འཆར་གཞི་ག་རེ་ཡོད་མེད་གསལ་པོ་ཆགས་མེད་སྐོར་དྲི་བ་གཅིག་མཇུག་གཉིས་མཐུད་བྱུང་བ་དང་ཚོགས་ཁང་ནང་འུར་ཟིང་ལྟ་བུ་ཆགས་སྐབས། ཁོང་གིས་གསུང་དོན། “ངས་འགྲིག་གི་མེད་ས་བཤད་པ་དེའི་ཐོག་འབད་བརྩོན་བྱེད་རྒྱུ་རེད། གསལ་པོ་ཆགས་མེད་ན། ངས་བཤད་མ་ཤེས་པ་དང་། ཡང་ན་ཁྱེད་རང་ཚོས་ཉན་མ་ཤེས་པ་ཡིན་རྒྱུ་རེད། སྲ་བརྟན་ཡོང་ཐབས་སུ་ཕྱི་རྒྱལ་ལ་ཕར་སོང་ནས་ཚུར་ཡོང་དགོས་པའི་གོ་སྐབས། རྒྱ་མཚོ་ཆུ་ཐིག་གི་ལས་གཞི། ཡོང་འབབ་ཀྱི་དཔྱ་ཁྲལ་སྤྲད་མ་དགོས་པ་བྱེད་ཐབས་དེ་ཡིན། འཐུས་ཤོར་སོང་བ་དབུ་མའི་ལམ་གྱི་འགན་ཁུར་མ་ཐུབ་པ་དང་། རང་ངོ་རང་གིས་མ་ཤེས་པ། སྐྱབས་མགོན་རིན་པོ་ཆེར་བརྩི་སྟངས་ཧ་མ་གོ་བ་དེ་ཡིན། འགན་མ་ཁུར་པ་དེ་ཚོགས་ཆེན་དང་། གྲོས་ཚོགས་ནང་ཏག་ཏག་ཅིག་མ་བསྡད་པ་དེ་ཡིན་”ཞེས་གསུངས་སོང་། དེ་བཞིན་ཁོང་གིས་ས་གནས་ཁག་ཏུ་སྐོར་བསྐྱོད་དགོས་མིན་མི་མང་དོ་སྣང་ལ་ལྟ་ཞོར་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།
གསར་འགོད་གསལ་བསྒྲགས་གྲོལ་པ་དང་ཟུར་ཉན་དུ་བཅར་པ་ཞིག་གིས་ཁྱེད་སྲིད་སྐྱོང་དུ་བཞེངས་པ་དེ་དབུས་གཙང་གི་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་ཡིན་སྐོར་གསུངས་སོང་། ངས་ཁྱེད་རང་ངོ་ཤེས་ཀྱི་མེད་ལ། མཇལ་བ་དང་པོ་ཡིན། ཡིན་ཡང་ང་རང་དབུས་གཙང་མི་ཞིག་ཡིན་པའི་ཆ་ནས་ང་རང་སྒེར་གྱི་བསམ་ཚུལ་ཞུས་ན། དབུས་གཙང་གི་རྟེན་འབྲེལ་འཆུག་པ་འདྲ་ཚོར་སོང་། དབུས་གཙང་གི་སྲིད་སྐྱོང་འོས་མི་ཞིག་གིས་གསར་འགོད་གསལ་བསྒྲགས་འདྲ་བོ་ཚོར་མ་སོང་། དབུས་གཙང་གིས་མིང་ཁུར་ནས་གནང་ན་ཡག་པོ་མི་འདུག་”ཅེས་གསུངས་པ་དང་། ཁོང་གིས་དེ་ལ་ཁྱད་པར་མི་འདུག་ཅེས་ལན་འདེབས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།