ང་ཚོའི་ཆེད་དུ་ཁྱོད་ཚོ་ཤི་ཡང་ཆོག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༦༨ ཕྱི་ལོ་ ༢༠༡༣/༡༢/༡༡
ལོ་ལྟར་ཕྱི་ཟླ་༡༢ པའི་ཚེས་༡༠ ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ནས་བཟུང་རིམ་བཞིན་རྒྱལ་སྤྱིའི་སྟེང་དུ་གླེང་སློང་ཆེ་ཤོས་ཀྱི་གནད་དོན་ཉག་གཅིག་ཏུ་གྱུར་ཡོད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༦༨ ཕྱི་ལོ་ ༢༠༡༣/༡༢/༡༡
ལོ་ལྟར་ཕྱི་ཟླ་༡༢ པའི་ཚེས་༡༠ ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ནས་བཟུང་རིམ་བཞིན་རྒྱལ་སྤྱིའི་སྟེང་དུ་གླེང་སློང་ཆེ་ཤོས་ཀྱི་གནད་དོན་ཉག་གཅིག་ཏུ་གྱུར་ཡོད། སྐབས་རེ་གནད་དོན་དེ་ཉིད་ལག་བསྟར་དོན་འཁྱོལ་ཡོང་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་མདུན་ལ་ཐོན་ནས་སྣེ་ཁྲིད་གནང་ཡོད་པ་དང་། སྐབས་རེ་རྒྱལ་ཁབ་སོ་སོས་ཁེ་ཕན་ཆེན་པོ་ཞིག་འགྲུབ་པའི་ཆེད་དུ་རྒྱལ་ཁབ་གཞན་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་ཡིན་པའི་སྐྱོན་འཛུགས་བྱེད་པ་མ་ཟད། གནད་དོན་དེ་ཉིད་ཕུ་དུང་ནང་ནས་སྦྲུལ་མགོ་བསྟན་ཏེ་གཞན་ལ་ཞེད་སྣང་བསྐུལ་བ་ལྟར་རྒྱལ་ཁབ་སོ་སོས་ཚོང་སོགས་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས། རང་ཉིད་ཀྱི་ཁ་གཏད་རྒྱལ་ཁབ་གཞན་ལས་ཁེ་ཕན་རག་ཐུབ་པའི་ཆེད་དུ་བེད་སྤྱོད་གཏོང་རྒྱུའི་ལག་ཆ་ཞིག་ཏུའང་གྱུར་ཡོད། མདོར་ན་ད་ལྟའི་ཆར་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་མ་རག་པའི་མི་ཉམ་ཆུང་གང་མང་ཞིག་ཚང་མའི་མིག་མདུན་དུ་ལུས་ཡོད།
རྒྱ་དམར་དྲག་གཞུང་གི་ངོས་ནས་རྒྱ་ནག་རྒྱལ་ཡོངས་སྤྱི་དང། ལྷག་པར་དུ་བོད་དང། ཤར་ཏུར་ཀི་སི་ཐན། སོག་ཡུལ་སོགས་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ཡུལ་གྲུ་ཁག་ཏུ་དམ་དྲག་གཙོ་བོ་བྱེད་པ་ལས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཅེས་པ་ནི་གླེང་འོས་པ་དང་གླེང་རིན་ཡོད་པའི་གནད་དོན་ཞིག་ལ་གཏན་ནས་བརྩི་མྱོང་མེད། འོན་ཀྱང་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་དོན་ལག་བསྟར་དོན་འཁྱོལ་ཡོང་ཆེད་དུ་རྒྱ་ནག་གཞུང་ལ་དོན་དམ་གྱི་གནོན་ཤུགས་དང། སྟངས་འཛིན་གང་ཡང་བྱས་མེད་ལ། རྒྱལ་ཁབ་སོ་སོའི་ཚོང་འབྲེལ་ལ་ཁེ་ཕན་རག་ཆེད་རྒྱ་ནག་གཞུང་གི་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་དགོས་པའི་སྐད་ཆ་དེ་ཉིད་ཡང་ཡང་འཕྱར་ཙམ་བྱེད་པ་ལས། རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཡག་པོ་བྱུང་ཟིན་པའི་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མཐོང་དང་བདག་སྤྲོད་བྱེད་མཁན་ཧ་ཅང་དཀོན་པོ་ཡིན། ད་དུང་སྐད་ཆ་དང་རྣམ་འགྱུར་རེ་ཟུང་གི་ཐོག་ནས་ང་ཚོའི་ཆེད་དུ་ཁྱེད་ཚོ་ཤི་ཡང་ཆོག་ཅེས་པ་ལྟ་བུའི་བརྡ་ལན་ཡང་སྤྲོད་བཞིན་འདུག
ལོ་ཤས་སྔོན་ནས་བཟུང་བོད་ནང་དུ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་ཡང། རྒྱལ་སྤྱིའི་ཐོག་ནས་དེ་ཙམ་གྱིས་དོ་སྣང་དང་རིན་ཐང་སྤྲད་མེད་པར་གླེང་ཙམ་རེ་བྱས་ནས་བཞག་ཡོད། རྒྱུ་རྐྱེན་གཙོ་བོ་རྒྱ་ནག་ནང་མི་འབོར་མང་བས་དཔལ་འབྱོར་གྱི་ཁྲོམ་ར་ཧ་ཅང་རྒྱ་ཆེ་བ་དང། ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་ག་འདྲ་ཞིག་འཇོག་དགོས་མིན་སོགས་ཚང་མ་གཞུང་གི་ལག་ཏུ་དབང་ཆ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་བོད་ནང་དུ་བོད་དོན་ལས་འགུལ་དང་རྩ་དོན་གྱི་ཆེད་དུ་འཐབ་རྩོད་དང་རང་སྲོག་བློས་གཏོང་མཁན་མེད་ན་ཚོང་འབྲེལ་གྱི་སྐབས་སུ་སྲིད་གཞུང་ཁག་གི་ངོས་ནས་རྒྱ་གཞུང་ལ་སྡིགས་ར་སྐུལ་བའི་ལག་ཆ་དམིགས་བསལ་མེད་པ་ལྟ་བུ་ཡིན་མོད། བོད་ནང་མུ་མཐུད་དུ་འཐབ་རྩོད་ཀྱི་ཚ་རླབས་མ་ཡལ་ཞིང་རང་སྲོག་བློས་གཏོང་གིས་ཞི་རྒོལ་བྱེད་མཁན་རྒྱུན་མ་ཆད་པར་བྱུང་བ་ནི་ཁོ་ཚོ་ལ་མཚོན་ནའང་དགོས་པ་ཞིག་ཏུ་གྱུར་ཡོད།
དུས་རབས་ཉེར་གཅིག་པར་སླེབས་ཟིན་ཡང་དོན་དངོས་ཐོག་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གཏན་ནས་མེད་པར་ལུས་སྲོག་ཀྱང་བློས་བཏང་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས་ཐུག་གི་ཡོད། དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མཚན་བྱང་འཛིན་མཁན་དང། དེའི་ཆེད་དུ་ཁ་གཡང་སྒྲོག་མཁན་ཚོས་རིག་པ་བསྒྲིམས་ནས་དོ་སྣང་བྱེད་དགོས་པ་ཞིག་ཅི་ལ་མིན། གཞན་ལ་གནོད་འཚེ་གཏན་ནས་མི་བྱེད་ཅིང་རང་མི་རིགས་ཀྱི་བདེ་སྡུག་དང་མངོན་འདོད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བ་ལས། གཞན་ངོ་རྒོལ་སྐད་འབོད་དང་ཞུ་གཏུག་སོགས་བྱེད་ཡུལ་གཏན་ནས་མེད་པའི་དྲག་པོའི་གཞུང་ཞིག་གི་མནར་གཅོད་འོག་སྡུག་བསྔལ་མྱོང་བཞིན་པའི་མི་རིགས་ཀྱི་ཆེད་དུ་བདེན་པའི་རྒྱབ་ལངས་བྱེད་མི་ཐུབ་པ་ནི། འཛམ་གླིང་སྤྱི་ཡོངས་ཀྱི་མུན་ནག་གི་རང་བཞིན་དང་དྲང་བདེན་མེད་པའི་བྱ་སྤྱོད་ཉག་གཅིག་ཏུ་གྱུར་ཡོད་ལ། རང་ཉིད་དམ་རང་གི་རྒྱལ་ཁབ་ལ་ཁེ་ཕན་ཅུང་ཙམ་རེ་རག་སོང་ན་ཉམ་ཆུང་མི་རིགས་གཞན་དག་ཤི་ཡང་དོ་སྣང་མེད་པ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བྱ་བ་ཞིག་ག་ལ་ཡིན།
བོད་རིགས་སོགས་རྒྱ་གཞུང་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ངོས་ནས་བདེན་དོན་གྱི་ཆེད་དུ་མུ་མཐུད་བློས་གཏོང་གང་མང་བྱེད་ངེས་རེད་ལ། བོད་ནང་དུ་རང་སྲོག་བློས་གཏོང་བྱེད་མཁན་ད་དུང་མུ་མཐུད་ཡོང་གི་ཡོད་པ་རེད། དེ་དག་གི་ངོས་ནས་ཕྱིའི་རྒྱབ་སྐྱོར་དང་གནོན་ཤུགས་ལ་རེ་བ་དེ་ཙམ་བརྒྱབ་མེད་པ་དང། བོད་ཀྱི་ཕྱི་རུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉེན་ཚབས་ཅན་གྱི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་དང། གནས་ཆུང་ཆོས་སྐྱོང་གིས་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་བྱས་ན་ལེགས་པའི་བཀའ་ལུང་ཕེབས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱིར་བསྒྲགས་བྱས་པ། ལྷག་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཁྲུ་ལི་ཡ་ནས་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་བྱས་ན་ལེགས་པའི་བཀའ་ཕེབས་ཡོད་ཀྱང། བོད་ནང་དུ་མཐུད་དུ་རང་ལུས་མེར་སྲེག་གི་ལས་འགུལ་འགྲོ་བཞིན་ཡོད་པས་ཕྱི་ནང་སུ་གང་གི་ཤུགས་རྐྱེན་མིན་པ་གསལ་པོ་ཆགས་སོང་བ་མ་ཟད། མུ་མཐུད་ད་དུང་ཡོང་རྒྱུ་ཡིན་པའང་གསལ་པོར་གྱུར་འདུག།།