ང་ཚོར་ཉིན་གཅིག་གི་མཛད་རིམ་ལས་༸གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་གལ་ཆེ།

འཕགས་པ་སྤྱན་རས་གཟིགས་ལྷ་སྐལ་དུ་སྒོམ་པའི་རྩམ་གཟན་བོད་རིགས་ཡོངས་དང་། ནང་ཆོས་ཀྱི་རྗེས་འཇུག་པ། འཇིག་རྟེན་ཞི་བདེ་ལ་དགའ་བའི་སྐྱེ་བོ་ཡོངས་ཀྱིས་ད་རེས་༸གོང་ས་མཆོག་གི་བསྙུན་གཞི་འདིས་བོད་གངས་ཅན་གྱི་རིགས་སུ་གཏོགས་པའི་མགོ་ནག་བོད་མི་ཡོངས་དང་། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་འབྲང་བའི་ནང་པ་སྤྱི།

འཕགས་པ་སྤྱན་རས་གཟིགས་ལྷ་སྐལ་དུ་སྒོམ་པའི་རྩམ་གཟན་བོད་རིགས་ཡོངས་དང་། ནང་ཆོས་ཀྱི་རྗེས་འཇུག་པ། འཇིག་རྟེན་ཞི་བདེ་ལ་དགའ་བའི་སྐྱེ་བོ་ཡོངས་ཀྱིས་ད་རེས་༸གོང་ས་མཆོག་གི་བསྙུན་གཞི་འདིས་བོད་གངས་ཅན་གྱི་རིགས་སུ་གཏོགས་པའི་མགོ་ནག་བོད་མི་ཡོངས་དང་། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་འབྲང་བའི་ནང་པ་སྤྱི། ཁྱད་པར་ཆོས་ལུགས་རིས་མེད་དང་འཚེ་མེད་ཞི་བདེ་ལ་དགའ་བའི་འཛམ་གླིང་གི་མི་མང་ཡོངས་ལ་སེམས་འཚབ་ཆེན་པོ་ཞིག་བསླངས་ནས་འཛམ་གླིང་གི་གསར་འགྱུར་ཆེ་ཁག་ཆ་ཚང་གིས་དོ་སྣང་བྱས་ཡོད་ལ། ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་གཞུང་གིས་སྐུའི་ཡང་སྲིད་སྐོར་ལ་ཡང་རྩོད་པ་བྱ་རྒྱུའི་གོ་སྐབས་བཟུང་ཡོད་པ་དེ་ཀུན་གྱིས་མཁྱེན་ཆུབ་ལྟར་ལགས།

རྣམ་པ་ཚོ། ཛ་དྲག་གི་གནས་ཚུལ་འདིར་ང་ཚོས་གཡོལ་ཐབས་ཡོད་པ་ཞིག་མ་རེད་དེ། ང་ཚོས་རྒྱུན་བསྲིངས་ཐུབ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་རང་ཉིད་ཀྱིས། ཏཱ་ལའི་བླ་མ་བྲེལ་བ་འཚུབ་འཚུབ་བྱས་ནས་ལོ་ཤས་བསྡད་ན་དགའ་ས་རེད་དམ། ལྷོད་ལྷོད་བྱས་ནས་དུས་ཡུན་རིང་ཙམ་བསྡད་ན་དགའ་ས་རེད་བསམ་བློ་ཐོངས་ཞེས་མ་འོངས་མངོན་གཟིགས་ཀྱིས་ལུང་བསྟན་ཐེངས་འགར་གནང་གྲུབ་པ་རེད།

རེད་དེ། ང་ཚོའི་སྤྱི་ཚོགས་ངོས་ནས་སྤྱི་སྒེར་སུ་ཞིག་གིས་དེ་ལ་དོ་སྣང་རྩ་བ་ནས་བྱེད་ཀྱི་མི་འདུག དངོས་གནས་བྱས་ན་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དག་གིས་ངེས་པར་དུ་དོ་སྣང་བྱས་དེ་དངོས་སུ་ལག་བསྟར་བྱེད་དགོས་ངེས་རེད་དེ། འཆར་ལ་ཉེ་བའི་རྗེ་བླ་མ་བདེ་བར་གཤེགས་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་ནང་དགའ་ལྡན་དུ་༸གོང་ས་མཆོག་གདན་ཞུ་ཞུས་ཚུལ་གོ་ལ། གདན་ས་སེ་ར་ཕྱག་བཏབ་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་དུ་ཡང་བྱེས་སྨད་གཉིས་ཀྱིས་གསོལ་བ་བཏབ་ཚུལ་གོ །

ལག་ཟུང་ཐལ་མོ་སྦྱར་ནས་ལས་ཀྱི་སྣེ་མོ་བ་དག་ལ་གསོལ་འདེབས་ཞུ་རྒྱུ་ཞིག་ལ། གདན་ས་ཆེན་པོ་ནས་འགོ་བཙུགས་ཏེ་༸གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ལ་ཐུགས་བསམ་བཞེས་ནས་༸གོང་ས་མཆོག་གདན་ཞུའི་མཛད་རིམ་ཕྱིར་བསྡུ་གནང་རོགས་གནང། ང་ཚོར་ཉིན་གཅིག་གི་མཛད་རིམ་ལས་༸གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་གལ་ཆེ་གི་རེད།

རི་བོ་དགེ་ལྡན་པ་ལ་མཚོན་ན་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་བླ་སྡེ་ཟུར་སོགས་གསེར་གྱི་རི་བོ་ལྟ་བུས་བཀང་འདུག་པས་དེ་ཚོས་མ་འཐུས་པ་རྩ་བ་ནས་ཡོད་མ་རེད། ཡིན་གཅིག་ཐུགས་བསམ་བཞེས་པའི་དུས་ལ་སླེབས་འདུག

དེ་བཞིན་སྐྱ་སེར་དང་ཚོགས་སྡེ་ཁག་ཆ་ཚང་ལ་ཞུ་རྒྱུར། རྣམ་པ་ཚོས་སྣང་བ་སྐྱིད་པོ་རྐྱང་བ་ལས་གནད་དོན་ཞིག་ཐུགས་བསམ་བཞེས་ཨེ་མྱོང་། གལ་སྲིད་དགུང་ལོ་གྱ་ལྔར་ཕེབས་ཟིན་པའི་བགྲེས་སོང་ཞིག་ཤར་ལྷོ་ནུབ་བྱང་དུ་གདན་ཞུ་ཞུས་ནས་བསྙུན་བཞེས་སོང་ན། ཁྱོད་ཚོས་འགན་འཁྱོག་གམ། སྐབས་དེ་ནས་ཁྱོད་ཚོ་ནི་དུས་ནམ་ཡང་བོད་མི་མང་གིས་སྲོག་རྩ་གཅོད་མཁན་དེ་རེད། ཆོས་ལུགས་བར་གྱི་གསེར་ཟམ་གཏོར་མཁན་དེ་རེད། ཞི་བདེའི་འོད་སྣང་བཅོམ་མཁན་དེ་རེད། དགྲ་བོ་རྒྱ་དམར་གྱི་ལས་དོན་སྒྲུབ་མཁན་དེ་རེད། ཁྱོད་ཚོ་ནི་དགྲ་བོ་རྒྱ་དམར་ལས་སྡུག་པ་ཞིག་ཆགས་རྒྱུ་རེད་ལ། ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་དེ་ཡང་ཁྱོད་ཚོ་རེད། འགན་འདི་ཁྱོག་ས་རེད་དམ། འཇིག་རྟེན་མུན་ནག་ནང་སྐྱེལ་མཁན་དེ་ཁྱོད་ཚོ་རེད། དངོས་སུ་བླ་མའི་སྐུ་སྲོག་ལ་མ་སྡང་ཡང་། དངོས་ཤུགས་བརྒྱུད་གསུམ་གྱི་སྐད་ཆ་བཤད་ན་འགན་འདི་ཁྱོད་ཚོ་དང་ཁ་བྲལ་ཐབས་ཡོད་མ་རེད། འདི་ལ་ཡང་ཁྱོད་ཚོས་ཐུགས་བསམ་བཞེས་དགོས་ངེས་རེད་སྙམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་ཤག་ལྷན་རྒྱས་ནས་ཀྱང་དབང་ཆ་སྤྱོད་ནས་རང་གཞུང་ཁྱབ་ཁོངས་ཀྱི་ཚོགས་སྡེ་ཁག་གིས་༸གོང་ས་མཆོག་གདན་ཞུའི་ཐད་ལ་བཀའ་ཁྱབ་རེ་གནང་ན་དགེ་མཚན་ཆེ།

དེ་བཞིན་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་ཀྱང་༸གོང་ས་མཆོག་རྩ་བའི་བླ་མ་དང་གཙུག་གི་ནོར་བུ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བསྒོམས་ནས་༸གོང་ས་མཆོག་ཐུགས་ཕམ་མ་འཇུག་ཞུ་གི་ཡོད་ལ། རྒྱ་ནག་གོང་མའི་ཕོ་བྲང་གི་ནང་འཁོར་དག་གི་བྱ་སྤྱོད་དེ་ནམ་ཡང་མ་སྤེལ་རོགས་ཞུ་གི་ཡོད། ལྷན་རྒྱས་ནི་༸གོང་ས་མཆོག་གིས་གཟིགས་པ་ཡངས་ཤིང་ཐུགས་རེ་གནང་སའི་མི་སྣ་རྐྱང་སོང་བས་ཁོ་བོར་ཡིད་ཆེས་ཡོད། འོན་ཏེ་སོ་སོས་སོ་སོ་ལོ་རྒྱུས་ནང་མི་རིགས་ལ་གནོད་སྐྱོན་ཐེབས་མཁན་ཞིག་ཏུ་མི་འགྱུར་བའི་ཐབས་ཤེས་ལ་འབད་རོགས་ཞུ།།

ཞེས་པ་འདི་ནི་སེར་བྱེས་དགེ་བཤེས་ལྷ་རམས་ཀྱི་མིང་ཙམ་འཛིན་པ་གཙང་ཁ་བསོད་ནམས་རྡོ་རྗེ་རུ་འབོད་པས་སེམས་ཚོར་ཆེན་པོས་སྒོ་ནས་ཕྱི་ལོ་༢༠༡༩ /༤/ ༡༢ ཉིན་བྲིས་ཏེ་རྒྱ་ཆེ་མང་ཚོགས་ལ་ཕུལ་བའོ། །

(མཆན། གལ་སྲིད་ཁོ་བོས་བཤད་པའི་སྐད་ཆ་འདིར་རྒྱུ་མཚན་དང་གནས་ལུགས་འདུག་ན་མི་རེ་ངོ་རེ་ནས་བརྒྱུད་སྐུལ་དང་རྒྱབ་སྐྱོར་གནང་རོགས། )

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།