ང་རང་ཇི་ལྟར་རྒྱ་ནག་འཇིག་ལ་ཉེ་བའི་དོགས་པ་ཅན་ཞིག་ཏུ་གྱུར་ཚུལ།
ང་རང་ཐོག་མར་ཕྱི་ལོ་༡༩༩༠ གོ་གྲངས་ཀྱི་སྟོད་ལ་རྒྱ་ནག་ཏུ་ཕྱིན་པ་དང་། དུས་དེ་ནས་བཟུང་རྒྱ་ནག་ལ་ཕྱིན་པའི་འགྱུར་བ་དེ་ད་ལྟ་ཡང་ངོ་མཚར་གྱི་གཞི་ཞིག་རེད། རྒྱལ་ཁབ་དེའི་དཔལ་འབྱོར་དང་སྟོབས་ཤུགས། ཆེ་མཐོང་བཅས་ནི་ཧྲང་ཧེའི་གྲོང་ཁྱེར་གྱི་གནམ་ལ་ཟུག་པའི་ཐོག་བརྩེགས་ཁང་ཆེན་གསར་པ་རྣམས་ལྟར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་སོང་།
(རྩོམ་ཡིག་འདི་རྒྱལ་སྤྱིའི་གནད་དོན་དཔྱད་བརྗོད་པ་གྲགས་ཅན་གྷ་ཌན-རི་ཆི་མན(Gideon Rachman)གྱིས་༢༠༢༠ ལོའི་ཟླ་༡ ཚེས་ ༢༠ ཉིན་“དཔལ་འབྱོར་དུས་བབས”སྟེང་དུ་སྤེལ་བ་དང་། དཀོན་མཆོག་རབ་བརྟན་གྱིས་ཚེས་༢༢ ཉིན་བོད་བསྒྱུར་བྱས།)
ང་རང་ཐོག་མར་ཕྱི་ལོ་༡༩༩༠ གོ་གྲངས་ཀྱི་སྟོད་ལ་རྒྱ་ནག་ཏུ་ཕྱིན་པ་དང་། དུས་དེ་ནས་བཟུང་རྒྱ་ནག་ལ་ཕྱིན་པའི་འགྱུར་བ་དེ་ད་ལྟ་ཡང་ངོ་མཚར་གྱི་གཞི་ཞིག་རེད། རྒྱལ་ཁབ་དེའི་དཔལ་འབྱོར་དང་སྟོབས་ཤུགས། ཆེ་མཐོང་བཅས་ནི་ཧྲང་ཧེའི་གྲོང་ཁྱེར་གྱི་གནམ་ལ་ཟུག་པའི་ཐོག་བརྩེགས་ཁང་ཆེན་གསར་པ་རྣམས་ལྟར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་སོང་།
དུས་ཡུན་འདིའི་རིང་རྒྱ་ནག་གི་འཕེལ་རྒྱས་ལ་དོགས་པ་བྱེད་མཁན་རྟག་ཏུ་ཡོད་ཡོད་པ་ཡིན་ཞིང་། ཁོང་ཚོས་རྒྱལ་ཁབ་དེའི་ངོ་མཚར་བའི་འཕེལ་རྒྱས་དེ་མཇུག་རྫོགས་ལ་ཉེ་བའི་སྔོན་དཔག་བྱས་ཡོད་དེ། “སླེབ་ལ་ཉེ་བའི་རྒྱ་ནག་གི་ཆག་འཇིག་”ཅེས་པ་(ཕྱི་ལོ་ ༢༠༠༡ ལོར་པར་སྐྲུན་བྱས་པའི་)ལྟ་བུའི་མཚན་བྱང་ཅན་གྱི་དཔེ་དེབ་སྣ་ཚོགས་ཡང་ནས་ཡང་དུ་ཐོན་ཡོད་ཀྱང་། དེ་དག་ཡང་ནས་ཡང་དུ་ནོར་ཡོད་པ་ར་འཕྲོད་བྱུང་ཡོད། ང་རང་ཉིད་ཀྱི་རྒྱུན་ལྡན་གྱི་ལྟ་ཚུལ་ནི། རྒྱ་ནག་གི་འཕེལ་རྒྱས་དེ་དངོས་གནས་ཡིན་པ་དང་། དེ་མུ་མཐུད་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་ཧྲིལ་པོ་འགྱུར་བ་གཏོང་བ་དེ་ཡིན་ཞིང་། ངས་ཐ་ན་དེ་དང་འབྲེལ་བའི་དེབ་ཅིག་བྲིས་ཡོད་པའི་མཚན་བྱང་ལ་”ཤར་ཕྱོགས་ཀྱི་དབང་སྒྱུར་”ཟེར།
ཡིན་ན་ཡང་། ད་ལྟ་ང་ལ་དོགས་པ་ཡོང་འགོ་རྩོམ་བཞིན་འདུག དེའི་རྒྱུ་མཚན་ནི་ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་ལོ་ངོ་༣༠ ནང་ཆེས་དལ་ཤོས་སུ་གྱུར་ཡོད་པས་མ་ཡིན་ལ། (དེ་ཡང་བདེན་པ་རེད།) དེ་བཞིན་ཧོང་ཀོང་དུ་ངོ་རྒོལ་འབྱུང་བཞིན་པས་ཀྱང་མ་ཡིན། (དེ་ཡང་ཆ་ཤས་ཤིག་ཡིན།) ང་ལ་ཡོང་བཞིན་པའི་དོགས་པ་འདིའི་རྒྱུ་མཚན་གཙོ་བོ་ནི་ད་ལྟ་སྲིད་འཛིན་ཞི་ཅིན་ཕིང་ལ་མཆོད་གསོལ་(a personality cult)བྱེད་པའི་ལམ་ལུགས་ཤིག་བཙུགས་ཡོད་པས་ཡིན།
མའོ་ཡི་ལྟ་གྲུབ་ལ་གོད་ཆག་བྱུང་རྗེས། རྒྱ་ནག་གི་འགོ་ཁྲིད་ཚོས་འབད་བརྩོན་ཆེན་པོས་མི་གཅིག་ལ་མཆོད་གསོལ་བྱེད་པ་ལས་རྒྱང་དུ་བཀྱེད་དེ་མཉམ་རུབ་ཀྱིས་འགོ་འཁྲིད་པའི་ལམ་ལུགས་ལ་ཕྱོགས་ཡོད་དེ། ཁོང་ཚོས་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་བཞག་ཡོད། རྒྱ་ནག་ངོ་མཚར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་དུ་འཁྲིད་མཁན་ཏེ། ཏིང་ཞའོ་ཕིན་གྱིས་ཤེས་རབ་ཡོད་ཚད་མའོ་ཡི་“གསུང་བཏུས་དམར་པོ”འི་ནང་ཡོད་པའི་ལྟ་ཚུལ་དེ་དོར་ནས་“དངོས་ཐོག་བདེན་འཚོལ་”བྱེད་པའི་དམ་བཅས་ཡོད། ཁོའི་དངོས་ཡོད་གཞིར་བཟུང་གི་ལྟ་བ་དེ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པས་མ་རྩ་རིང་ལུགས་ལ་དགའ་བསུ་དང་། རྒྱ་ནག་གི་དཔལ་འབྱོར་ནང་ཕྱིའི་རྒྱལ་ཁབ་ཀྱི་མ་འཇོག་དང་ནང་ལོགས་ཀྱི་ཁེ་ལས་སྒོ་འབྱེད་ཐུབ་པ་བྱུང་ཡོད།
ཡིན་ན་ཡང་སྐུ་ཞབས་ཞི་ཡི་དབང་སྒྱུར་འོག སྲིད་འཛིན་གྱི་ལས་ཡུན་མེད་པ་བཟོས་ཤིང་། “ཞི་ཅིན་ཕིང་གི་དགོངས་པ་”རྒྱ་ནག་གི་རྩ་ཁྲིམས་ནང་བཅུག་ཡོད། དེ་བཞིན་དམར་ཤོག་ཚོགས་མི་དང་། སློབ་ཕྲུག ཞིང་ཆེན་གྱི་ལས་བྱེད་རྣམས་བཙན་གྱིས་རྒྱུན་པར་“དབུ་ཁྲིད་ཁོང་གི་དགོངས་པ་”སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་ལ། གྲོང་ཁྱེར་གྱི་སྲང་ལམ་གཞོགས་སུ་སྐུ་ཞབས་ཞི་ཡི་གསུང་དུམ་བཀོད་པའི་བརྡ་ཁྱབ་འགྱིངས་ཡོད། ཐ་ན་ཧྲང་ཧེ་གྲོང་ཁྱེར་དུ་ཞི་ཅིན་ཕིང་ལ་མགོ་ནས་འོད་ཟེར་འཕྲོ་བའི་པར་ཆེན་པོ་ཡང་སྦྱར་ཡོད།
སྐུ་ཞབས་ཞི་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། ཁོའི་“ཡང་དག་པའི་དབུ་ཁྲིད་”འོག་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་། ཁོར་ཡུག་གཙང་བཟོ། དེ་བཞིན་ཨ་རིས་བསླངས་པའི་ཚོང་དམག་འོག་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐུབ་པ་བཅས་བྱུང་ཡོད་ཟེར་ལ། ཁོང་ཚོས་ད་དུང་འདས་པའི་ལོ་ངོ་༤༠ ནང་རྒྱ་ནག་གིས་ཚོགས་པ་གཅིག་གི་དབང་སྒྱུར་དང་། མགྱོགས་ཚད་ཆེ་བའི་དཔལ་འབྱོར་འཕེལ་རྒྱས་གཉིས་ཀྱི་བར་ལ་མི་མཐུན་པའི་འགལ་བ་གང་ཡང་མེད་པ་སྟོན་གྱི་ཡོད་ཅེས་སྒྲོག་གི་ཡོད། ཡིན་ན་ཡང་། ཞི་ཡི་དུས་སྐབས་ནི་ཚོགས་པ་གཅིག་གི་དབང་སྒྱུར་ལས་མི་གཅིག་གི་དབང་སྒྱུར་ཡིན་པའི་རྣམ་པ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། སི་སི་ཁི་ས་(Ceausescu) ཡི་རོ་མ་ནི་ཡ་(Romania) ནས་སི་ཏཱ་ལིན་གྱི་ར་ཤི་ཡའི་བར་དུ་བསམ་བློ་བཏང་ཡང་། མི་གཅིག་གི་དབང་སྒྱུར་ལ་ལམ་ལྷོང་བྱུང་བའི་ས་ཆ་མང་པོ་ཞིག་རྙེད་རྒྱུ་ཁག་པོ་རེད། (སི་ཏཱ་ལིན་དང་མཚུངས་བསྡུར་བྱས་པ་དེར་སྐུ་ཞབས་ཞི་སྡང་སེམས་ལང་རྒྱུ་མ་རེད། དེ་ལས་ལྡོག་སྟེ་ཁོས་རྗེས་འབྲང་རྣམས་ལ་མུ་མཐུད་སི་ཏཱ་ལིན་དང་། ལེ་ནན་(Lenin) དེ་བཞིན་མའོ་བཅས་ཀྱི་བཀའ་དགོངས་ལ་སློབ་སྦྱོང་བྱེད་པའི་སྐུལ་མ་གཏོང་གི་ཡོད།)
མི་གཅིག་ལ་མཆོད་གསོལ་བྱེད་པ་དེས་སྲིད་བྱུས་ངན་པ་ལག་བསྟར་བྱེད་པའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད། རྒྱུ་མཚན་ནི་སྤྲེལ་ལད་དང་འཇིགས་སྣང་གིས་གང་བའི་སློབ་སྟོན་པ་ཚོས་དངོས་སུ་ཅི་ཞིག་འབྱུང་བཞིན་པ་ཡར་ཞུ་བྱེད་རྒྱུའི་ཚབ་ཏུ། རླབས་ཆེན་གྱི་དབུ་ཁྲིད་ཀྱིས་གང་ཐོས་འདོད་པ་བཤད་རྒྱུ་རེད། རྒྱ་ནག་ཏུ་གནས་ཚུལ་དེ་དངོས་སུ་འབྱུང་འགོ་བརྩམས་ཟིན་པའི་དཔང་རྟགས་ཡོད།
ཤིན་ཅང་དུ་ཡུ་གུར་གྱི་ཁ་ཆེ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཏེ་“སློབ་གསོ་སྤེལ་བའི་”ཐག་གཅོད་ངན་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་འབྲེལ་བའི་ཆག་སྒོ་ཞིག་ཡིན་པའི་ཐོག དེ་ནི་ཡུ་གུར་གྱི་མི་རབས་ཤིག་ལོགས་སུ་དབྱེ་བྱེད་དང་། སེལ་དགོས་པའི་དྲག་སྤྱོད་དང་ཁ་བྲལ་གྱི་དཀའ་ངལ་རྣམས་ཆེ་རུ་གཏོང་བྱེད་ཀྱི་སྲིད་བྱུས་ཀྱི་རིགས་ཤིག་ཆགས་ཡོད། དེ་ཡིས་མ་ཚད། ད་ལྟ་སྐུ་ཞབས་ཞི་ཧོང་ཀོང་གི་མངོན་གསལ་འཛེམ་མེད་ཀྱི་གྱེན་ལོག་ལ་གདོང་ལེན་བྱེེད་དགོས་ཡོད་ལ། ཐ་ན་པེ་ཅིང་ལ་བློ་དཀར་མཁན་གྱི་ཧོང་ཀོང་བ་ཚོས་ཞི་ལ་ཧོང་ཀོང་ཐོག་ཅུང་གུ་ཡངས་ཀྱི་སྲིད་བྱུས་ཤིག་འཛིན་དགོས་ཚུལ་བཤད་པར་མི་ཉན་པ་དེར་ཞེ་ལོག་ནས་ཡོད་པ་དང་། ཁོ་ཚོའི་བསླབ་བྱའི་ཡིག་ཆ་དེ་ཞི་ཅིན་ཕིང་གི་མདུན་ཅོག་ཐོག་སླེབ་ཀྱི་ཡོད་མེད་ཀྱང་ཐེ་ཚོམ་ཟ་ཡི་ཡོད། ཡང་འགའ་ཤས་ཀྱིས་པེ་ཅིང་གིས་སོ་སོའི་རྫུན་བསྒྲགས་ཏེ། ཧོང་ཀོང་གི་དཀའ་ངལ་དེ་སྡང་སེམས་འཆང་མཁན་གྱི་ཕྱིའི་རྒྱལ་ཁབ་ཚོས་བཟོས་པ་ཞིག་ཡིན་པར་དངོས་སུ་ཡིད་ཆེས་བྱེད་ཀྱི་མེད་དམ་སྙམ་ནས་འཇིགས་སྣང་ལང་གི་ཡོད།
ཐའེ་ཝན་ལའང་གཅིག་མཚུངས་རེད་དེ། སྐུ་ཞབས་ཞིས་ཐའེ་ཝན་སྐམ་ས་ཆེན་མོར་“ཕྱིར་ལོག་”དགོས་པའི་བཙན་བཀའ་དྲག་པོ་བཏང་བ་དེར་ལྡོག་ཕྱོགས་ཀྱི་མཇུག་འབྲས་སྨིན་ཏེ། ཉེ་ཆར་གྱི་སྲིད་འཛིན་འོས་བསྡུའི་ནང་། པེ་ཅིང་ནས་སྡང་སེམས་ཆེན་པོ་འཆང་སའི་སྲིད་འཛིན་ཚེ་དབྱིང་ཝན་ལ་བསྐྱར་དུ་རྒྱལ་ཁ་ཆེན་པོ་ཐོབ་པར་རོགས་བགྱིས་ཡོད།
གཞན་ཡང་། རྒྱལ་སྤྱི་དང་དཔལ་འབྱོར་གནས་སྟངས་ཀྱིས་ཀྱང་ཞི་ཡི་མཇུག་འབྲས་ངན་པའི་རྟགས་མཚན་སྟོན་གྱི་ཡོད། རྒྱ་ནག་གི་སྲིད་འཛིན་ལ་འཁྱོག་བརྗོད་མེད་པར་དྲང་པོར་བཤད་ན། གནས་ཚུལ་ཅི་ཞིག་བྱུང་ཡོད་རུང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཕལ་ཆེར་ཚོང་དམག་གི་འགོ་བཙུགས་ཡོད་རྒྱུ་རེད། ཡིན་ན་ཡང་། ཞི་ཅིན་ཕིང་སྲིད་གཞུང་གི་ཕྱི་ནང་གཉིས་ཀའི་སྲིད་བྱུས་དམ་པོ་དེས་མཐུན་ཕྱོགས་སུ་གྱུར་ན་ཆོག་པའི་རྒྱལ་ཁབ་རྣམས་རྒྱང་དུ་ཕུད་ཡོད། དེའི་མཇུག་འབྲས་ལ་སྐུ་ཞབས་ཞི་ཅིན་ཕིང་གི་རྒྱ་ནག་ལ་ཡུ་རོབ་མཐུན་ཚོགས་ནས་“ལམ་ལུགས་ཀྱི་ཁ་གཏད་”(systemic rival) ཅེས་པའི་མིང་ཐོགས་ཡོད།
རྒྱ་ནག་ནང་ལོགས་སུ་གཞུང་ནས་དཔལ་འབྱོར་ལ་ལག་པ་འཆང་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེར་དཔལ་འབྱོར་སྒྱུར་བཅོས་པ་ཚོས་སེམས་འཚབ་བྱེད་ཀྱི་ཡོད་དེ། ཁོང་ཚོས་བྱེད་སྟངས་དེས་ཁེ་ལས་རྣམས་རྩ་མེད་བཟོ་ངེས་སྙམ་ནས་འཇིགས་སྣང་ལང་གི་ཡོད། པེ་ཅིང་གི་མཁས་པ་གཙོ་བོ་གཅིག་གིས་“ང་ཚོ་ཉིན་བཞིན་དབང་ཆ་གཅིག་སྡུད་ལམ་ལུགས་སུ་འགྱུར་བཞིན་པའི་རྒྱལ་ཁབ་ཅིག་ཏུ་འཚོ་བཞིན་ཡོད་”ཅེས་བརྗོད་ཡོད།
དེ་ལྟར་ཡིན་རུང་། དྲང་པོར་བཤད་ན། སྐུ་ཞབས་ཞི་ལའང་ལེགས་འགྲུབ་འགའ་ཤས་བྱུང་བ་ཅིས་ཀྱང་ཁས་ལེན་བྱེད་དགོས་ཏེ། རྒྱ་ནག་གིས་མུ་མཐུད་དམག་ཤུགས་གོང་དུ་སྤེལ་ཞིང་འབྲེལ་ལམ་རྒྱ་སྐྱེད་བྱས་པ་དེས་ཨེ་ཤི་ཡའི་ནང་དབང་ཤུགས་འཛིན་མཁན་འགྱུར་བ་ཐེབས་སུ་བཅུག་ཡོད། དེ་བཞིན་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་དྲ་བའི་ཚོང་ལས་(ecommerce)དང་། ཧྥ་ཧྥི་ཇི་བརྡ་འཕྲིན་(5G communication)ཐོག་ནས་འཛམ་གླིང་གི་སྣེ་འཁྲིད་མཁན་ཆགས་ཡོད་ལ། དབྱིན་ཇིས་ཨ་རི་དང་འབྲེལ་ཐག་བཅད་དེ་རྒྱ་ནག་གི་ཧ་ཝེ་བཟོ་ཚོང་ཁང་(Huawei) ནས་བཟོས་པའི་ཧྥ་ཧྥི་ཇིའི་འཕྲུལ་ཆས་རྣམས་བཀོལ་སྤྱོད་བྱེད་རྒྱུ་ཡིན་པའི་རྣམ་པའམ་མངོན་གྱི་ཡོད།
དེ་ཡིས་མ་ཚད། རྒྱ་ནག་ནང་ལོགས་སུ་ཆབ་སྲིད་ཀྱི་གྱེན་ལོག་ཅིག་འབྱུང་རྒྱུ་ཡིན་པའི་རྟགས་མཚན་ངོ་མ་ཞིག་མེད། དེ་ལས་ལྡོག་སྟེ་གཞུང་གི་ཞིབ་བཤེར་ནན་མོ་(ཚན་རྩལ་དང་། ཁ་པར། ངོ་གདོང་ངོས་འཛིན་བྱེད་པའི་འཕྲུལ་ཆས་བཅས་ཀྱིས་རོགས་བྱེད་ཀྱི་ཡོད།)ཡིས་དམར་ཤོག་ཚོགས་པའི་སྤྱི་ཚོགས་དབང་ཤུགས་ཆེ་རུ་གཏོང་བཞིན་ཡོད།
རྒྱུ་མཚན་འདི་དག་ལ་བརྟེན་ནས། ང་རང་རྒྱ་ནག་ལ་སྔོན་དཔག་ནོར་བ་བྱེད་མཁན་གྱི་ནུབ་ཕྱོགས་པའི་སྟར་ཕྲེང་རིང་པོ་དེའི་ཁྲོད་ཀྱི་ཆེས་གསར་ཤོས་སུ་འགྱུར་སྲིད་པ་ཞིག་རེད། ཡིན་ན་ཡང་། ཞི་ལ་མཆོད་གསོལ་བྱེད་ཚུལ་དེར་བལྟས་ན། བཀྲ་མི་ཤེས་པ་ཞིག་འབྱུང་ལ་ཉེ་བའི་ཚོར་སྣང་མི་སྐྱེ་བ་ཁག་པོ་རེད་འདུག །