ངོ་རྒོལ་བ་ཚོས་ཨི་རག་གི་གྲོས་ཚོགས་ནང་དུ་བཙན་འཛུལ་བྱས་འདུག 

ཨི་རག་ནང་དུ་མི་མང་བརྒྱ་ཕྲག་མང་པོས་གྲོས་ཚོགས་ཁང་བརྩེགས་ནང་དུ་བཙན་འཛུལ་བྱས་ཏེ། ཁ་གཏད་སྲིད་དོན་ཚོགས་པ་ཞིག་གིས་སྲིད་བློན་འོས་མི་ཞིག་མིང་འདོན་བྱས་པར་ངོ་རྒོལ་བྱས་ཡོད་པ་རེད་འདུག 

ཟླ་༧  པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་ཨི་རག་གི་སྲིད་དོན་ཚོགས་པ་མཉམ་ལས་ཞེས་པ་དེ་དང་དེའི་མཐུན་ཕྱོགས་སྲིད་དོན་ཚོགས་པ་ཚོས། རྒྱལ་ཁབ་དེའི་སྲིད་བློན་གྱི་འོས་མིར་བློན་ཆེན་ཟུར་པ་ཞིག་མིང་འདོན་བྱས་པར་བརྟེན། ཨི་རན་དང་ཨ་རིར་ངོ་རྒོལ་བྱེད་མཁན་ཨི་རག་གི་ཤཱི་ཡ་ཆོས་བརྒྱུད་ཀྱི་འགོ་ཁྲིད་ཨལ་སཱ་ཌར་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཕྲག་མང་པོས། རྒྱལ་ཁབ་དེའི་གྲོས་ཚོགས་ཁང་བརྩེགས་ནང་དུ་བཙན་འཛུལ་བྱས་ཏེ་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཁོ་ཚོས་སྲིད་བློན་འོས་མི་དེ་ནི་ཨི་རན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས་ཁས་ལེན་བྱེད་རྒྱུ་མིན་པའི་ངོ་རྒོལ་སྐད་འབོད་དང་སྦྱར་ཡིག་འཁྱེར་བ་སོགས་བྱས་འདུག 

ལས་ཁུར་སྲིད་བློན་གྱིས་ངོ་རྒོལ་བ་ཚོར་ཉེན་བརྡ་བཏང་ཡོད་འདུག་པ་དང་། ཕྱིས་སུ་ངོ་རྒོལ་བ་དེ་ཚོས་བརྩི་འཇོག་བྱེད་ཡུལ་ཤི་ཡ་ཆོས་བརྒྱུད་ཀྱི་འགོ་ཁྲིད་ཨལ་སཱ་ཌར་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ངོ་རྒོལ་བ་ཚོའི་དགོས་འདུན་ཁོང་གིས་གོ་སོང་བས། ཁོ་ཚོ་བདེ་འཇགས་ངང་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་པའི་སྐུལ་མ་བྱས་འདུག་པས། ངོ་རྒོལ་བ་ཚོས་ཞི་བའི་ངང་ཕྱིར་ལོག་བྱས་འདུག གནད་དོན་དེ་ལས་ཤི་ཡ་ཆོས་བརྒྱུད་ཀྱི་འགོ་ཁྲིད་ཁོང་གི་དབང་ཤུགས་གསལ་པོ་བསྟན་ཐུབ་པ་བྱུང་ཡོད་འདུག 

དེ་ཡང་ལོ་སྔོན་མའི་ཟླ་༡༠ པའི་ཨི་རག་གི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། ཤི་ཡ་ཆོས་བརྒྱུད་ཀྱི་འགོ་ཁྲིད་ཨལ་སཱ་ཌར་གྱི་སྲིད་དོན་ཚོགས་པར་རྐུབ་སྟེགས་༧༣ ཐོབ་ནས། རྐུབ་སྟེགས་གྲངས་༣༢༩ ཡོད་པའི་ཨི་རག་གི་གྲོས་ཚོགས་ནང་དུ་ཁོང་གི་སྲིད་དོན་ཚོགས་པ་ནི་རྐུབ་སྟེགས་མང་ཤོས་ཐོབ་མཁན་ཆགས་འདུག ཁོང་གི་སྲིད་དོན་ཚོགས་པའི་ཁ་གཏད་གཙོ་བོ་ནི་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་མཉམ་ལས་སྲིད་དོན་ཚོགས་པ་ཡིན་པས། ཁོང་གིས་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པའི་ནང་དུ་མཉམ་ལས་སྲིད་ཚོགས་པ་དོན་མེད་པ་བཟོ་རྒྱུར་དམིགས་ཡོད་ཀྱང་། ཨི་རག་གི་ཁྲིམས་སྒྲིག་ལྟར། སྲིད་བློན་དང་བློན་ཆེན་རྣམས་བསྐོ་གཞག་མ་བྱས་པའི་སྔོན་དུ་ཐོག་མར་སྲིད་འཛིན་ཞིག་བསྐོ་གཞག་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། ཁོང་ལ་སྲིད་འཛིན་བསྐོ་གཞག་བྱེད་ཆེད་དུ་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པས། ཟླ་བ་མང་པོའི་རིང་གཞུང་གསར་པ་སླེབས་མ་ཐུབ་ནས་ལྷག་འདུག། དེ་ལ་བརྟེན་ནས་ཕྱི་ལོ་༢༠༢༢ ལོའི་རྒྱལ་ཁབ་དེའི་སྔོན་རྩིས་ཀྱང་གཏན་འབེབས་བྱས་ཐུབ་མེད་འདུག 

མཐའ་མ་དེར་ཟླ་༦ པའི་ནང་ཤི་ཡ་ཆོས་བརྒྱུད་ཀྱི་འགོ་ཁྲིད་ཁོང་གིས་གཞུང་གསར་པ་ཞིག་སླེབས་ཆེད་དུ། རང་ཉིད་ཀྱི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་༧༣ རྣམས་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་བཀའ་བཏང་རྐྱེན་གྲོས་ཚོགས་འཐུས་མི་ཚང་མ་རྩ་དགོངས་ཞུས་ཡོད་པ་རེད་འདུག ཨི་རག་གི་ཁྲིམས་ནང་དུ་གལ་ཏེ་གྲོས་ཚོགས་འཐུས་མི་ཞིག་རྩ་དགོངས་ཞུས་ཚེ། འོས་ཚིགས་དེ་ནས་འོས་བསྡུ་སྐབས་སུ་འོས་གྲངས་མང་ཤོས་གཉིས་པ་དེ་རང་བཞིན་གྱིས་གྲོས་ཚོགས་འཐུས་མི་ཆགས་ཀྱི་ཡོད་འདུག གྲོས་ཚོགས་འཐུས་མི་༧༣ རྩ་དགོངས་ཞུས་པར་བརྟེན། ཨི་རན་གྱི་རྒྱབ་སྐྱོར་ཡོད་མཁན་མཉམ་ལས་སྲིད་དོན་ཚོགས་པར་ཁེ་ཕན་ཆེན་པོ་ཐོབ་ཀྱི་ཡོད་པ་རེད་འདུག 

ངོ་རྒོལ་བ་ཚོས་གྲོས་ཚོགས་ཁང་བརྩེགས་སུ་གྲོས་ཚོགས་འཐུས་མི་མེད་པའི་སྐབས་སུ་བཙན་འཛུལ་བྱས་ཡོད་འདུག་ཀྱང་། ཁང་བརྩེགས་དེའི་ཁུལ་དུ་ཨི་རག་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་མང་པོ་ཞིག་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།