ཅེག་ཁྲིམས་ཁང་གིས་བོད་དོན་རྒྱབ་སྐྱོར་བའི་ཕྱོགས་སུ་ཁྲིམས་ཐག་བཅད་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཁང་ཞིག་གིས། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་གར་སླེབས་སྐབས་སུ་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོའི་ངོ་རྒོལ་ལས་འགུལ་དེ་བཀག་འགོག་གི་གནད་དོན་དང་འབྲེལ་ནས། ཅེག་ཉེན་རྟོག་པས་ལས་འགུལ་བཀག་འགོག་བྱས་པ་དེ་ཁྲིམས་འགལ་ཡིན་པ་ཐག་གཅོད་བྱས་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཁང་ཞིག་གིས། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་གར་སླེབས་སྐབས་སུ་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོའི་ངོ་རྒོལ་ལས་འགུལ་དེ་བཀག་འགོག་གི་གནད་དོན་དང་འབྲེལ་ནས། ཅེག་ཉེན་རྟོག་པས་ལས་འགུལ་བཀག་འགོག་བྱས་པ་དེ་ཁྲིམས་འགལ་ཡིན་པ་ཐག་གཅོད་བྱས་འདུག
དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༢༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་(Prague) ནང་སླེབས་སྐབས་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་འགྲིམ་འགྲུལ་སྟངས་འཛིན་ལ་སྙད་བཏགས་ནས་བཞི་མདོ་ཐང་ཆེན་(Hradcany Square) ཞེས་པ་དེར་ལས་འགུལ་བཀག་འགོག་བྱས་ཡོད་འདུག་པས། ཚེས་༢༩ ཉིན་ཞི་རྒོལ་གོ་སྒྲིག་བྱེད་མཁན་མར་ཊིན་བྷུར་སིག་(Martin Bursik) དང། ཀེ་ཊི་རི་ན་བྷུར་སིག་ཇེག་(Katerina Bursik Jacques) ཐོ་མ་སི་པི་ཀོ་ལ།(Tomas Pikola) ཀེ་ཊི་རི་ན་ཀུཊ་ལེག་ཀོ་ཝ་(Katerina Kudlackova) བཅས་ཀྱིས་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༩ ཉིན་གནད་དོན་དེའི་སྐོར་ཁྲིམས་ཁང་ལ་གཏུག་བཤེར་བྱས། གྱོད་གཞི་དེ་ཁྲིམས་ཁང་འོག་མས་དང་ཐོག་ངོས་ལེན་མ་བྱས་སྟབས། གྲོང་སྡེའི་ཁྲིམས་ཁང་དུ་གཏུག་ཡོད་པ་རེད།
ལོ་ངོ་༥ ཙམ་གྱི་རྗེས་ཏེ་ཕྱི་ལོ་༢༠༢༡ ལོའི་ཟླ་༡༡ པའི་ཚེས་༡༨ ཉིན་ཅེག་ཁྲིམས་ཁང་ཞིག་གིས། ཉིན་དེར་ཉེན་རྟོག་པའི་བྱ་སྤྱོད་ནི་ཁྲིམས་འགལ་ཡིན་པས། ཞུ་སྦྱོར་བ་རྣམས་ལ་ད་བར་ཁྲིམས་གཏུག་གི་འགྲོ་སོང་ཆ་ཚང་རྩོད་ལེན་པས་གུན་གསབ་སྤྲོད་དགོས་པའི་བཅད་ཁྲ་བཏང་ཡོད་འདུག
ཞུ་སྦྱོར་བ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མར་ཊིན་བྷུར་སིག་གིས། གལ་ཏེ་ང་ཚོས་སྐད་འབོད་བརྒྱབ་མེད་ན། ང་ཚོའི་མང་གཙོའི་གནས་བབ་གང་ལ་གང་འཚམ་ཉམ་དམས་སུ་བཏང་ཡོད་ཅེས་གསུངས། དེ་བཞིན་ཞུ་སྦྱོར་བ་གཞན་ཀེ་ཊི་རི་ན་བྷུར་སིག་ཇེག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་བཙན་ཤེད་རིང་ལུགས་ལྟ་བུ་མ་ཡིན་པར་ཡར་ཐོན་ཅན་དང་། ནུབ་ཕྱོགས་ཀྱི་ལམ་སྲོལ་ལྡན་པའི་མང་གཙོ་བཞིན་ཕྱག་ལས་གནང་བར་ང་རང་དགའ་པོ་བྱུང་། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་སླེབས་སྐབས་པི་རག་ཏུ་བྱུང་བའི་དོན་རྐྱེན་དེ་ནི་ཞབས་འདྲེན་དང་ཁྲིམས་ཁང་གིས་གསལ་བསྒྲགས་གནང་བ་ལྟར་ཁྲིམས་འགལ་རེད། ཁྲིམས་ཁང་གི་ཐག་གཅོད་འདི་སྐབས་དེར་ཐུགས་ཕམ་བྱུང་མཁན་རྣམས་ལ་བརྡ་ལན་གལ་ཆེ་ཞིག་ཆགས་ཡོད་པ་མ་ཟད། མ་འོངས་པའི་ཆེད་མིག་དཔེ་བཟང་པོ་ཞིག་ཏུའང་གྱུར་ཡོད་པ་རེད་ཅེས་གསུངས་འདུག
༢༠༡༦ ལོའི་ཟླ་༣ པའི་ཚེས་༢༨ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ། ཉིན་གཉིས་རིང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཆེད་དུ་སྐོར་བསྐྱོད་ལ་འབྱོར་ཡོད་པ་རེད་དེ། སྐབས་དེར་ཁོང་འགྲོ་སའི་འགྲུལ་ལམ་གྱི་གཡས་གཡོན་དུ་ཡོད་པའི་གློག་སྡོང་སྟེང་ཅེག་རྒྱལ་ཁབ་དང་རྒྱ་ནག་གི་རྒྱལ་དར་འཕྱར་ཡོད་པར། བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་ཡར་འཕྱར་བས། ཉེན་རྟོག་པས་ལས་འགུལ་བ་༡༢ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། གནམ་ཐང་ནས་གྲོང་ཁྱེར་བར་གྱི་ལམ་ཟུར་དུ་རྒྱ་ནག་དང་ཅེག་གི་རྒྱལ་དར་འཕྱར་བྱེད་ཀྱི་འགྲོ་སོང་ཆ་ཚང་ཅེག་དང་རྒྱ་རིགས་མཉམ་མཐུན་ཞེས་པའི་ཚོགས་པས་བཏང་ཡོད་འདུག ཚེས་༢༨ གྱི་ཉིན་ཤས་སྔོན་ནས་རྒྱ་ནག་གི་རྒྱལ་དར་ལ་ངོ་རྒོལ་མཚོན་ཆེད་སྣག་ཚ་སྔོན་པོ་བྱུགས་པའི་གནས་ཚུལ་བྱུང་འདུག་ཀྱང། ཞེ་ཅིན་ཕིང་མ་འབྱོར་སྔོན་ནས་རྒྱལ་དར་དེ་དག་གཙང་མ་བཟོས་ཡོད་པ་རེད། དེ་བཞིན་ཞེ་ཅིན་ཕིང་འབྱོར་རྗེས་གནམ་ཐང་ནས་གྲོང་ཁྱེར་བར་གྱི་ལམ་ཟུར་དུ་རྒྱ་རིགས་དགའ་བསུ་བྱེད་མཁན་དང་། བོད་དོན་རྒྱབ་སྐྱོར་བ་ངོ་རྒོལ་བྱེད་མཁན་གྱི་བར་རྩོད་གླེང་བྱུང་བ་དང་། རྒྱ་རིགས་མང་པོས་བོད་ཀྱི་རྒྱལ་དར་རྒྱབ་ལ་བཏགས་མཁན་ཞིག་ལ་རྡུང་རྡེག་བཏང་བས། ཉེན་རྟོག་པས་བར་འདུམ་བྱས་ཡོད་པ་རེད། དེ་བཞིན་རྒྱ་རིགས་མང་པོ་ཞིག་དྲག་པོའི་ངང་བོད་དོན་རྒྱབ་སྐྱོར་བ་དང་ལག་འཛིང་བྱེད་པར་འགྲོ་བར་ཉེན་རྟོག་པས་བཀག་ཐབས་བྱས་ཡོད་པ་རེད། དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ལམ་ཟུར་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་མཆོག་དང་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཅེག་གི་སྲིད་འཛིན་འདས་པོ་ཧ་ཝེལ་གཉིས་མཉམ་དུ་ཡོད་པའི་པར་འཁྱེར་ནས་འགྲོ་བཞིན་ཡོད་པས། རྒྱ་རིགས་ཚོས་པར་དེ་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་གིས་འགེབས་ཐབས་བྱས་པས། ཕྱོགས་གཉིས་དབར་ཐོག་མར་ཁ་རྩོད་དང་རྗེས་སུ་ལག་འཛིང་གི་གནས་ཚུལ་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།