ཆབ་སྲིད་བཙོན་པ་གཡུ་བྷུཾ་གློད་གྲོལ་དང་ཁོང་གི་བསྒྲགས་གཏམ།
ཕྱི་ཟླ་༦ ཚེས་༡༢ ཉིན་ཆབ་སྲིད་བཙོན་པ་གངས་བུ་གཡུ་བྷུཾ་རྒྱ་གཞུང་གིས་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ། ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། གོས་ཚ་སྡེ་པར་འབྱོར་སྐབས། མི་མང་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།
ཕྱི་ཟླ་༦ ཚེས་༡༢ ཉིན་ཆབ་སྲིད་བཙོན་པ་གངས་བུ་གཡུ་བྷུཾ་རྒྱ་གཞུང་གིས་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ། ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། གོས་ཚ་སྡེ་པར་འབྱོར་སྐབས། མི་མང་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་བཙོན་པ་གངས་བུ་གཡུ་བྷུཾ་སྔ་ཕྱིར་མི་ལོ་༥ཙམ་རིང་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད་པ་དང་། ཐོག་མར་༢༠༠༨ལོའི་གསེར་རྟ་རྫོང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་ཀྱི་རྒྱལ་དར་འཕྱར་བ་དང་།༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་བ་སོགས་ཀྱི་བོད་དོན་སྐད་འབོད་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་རྗེས། ༢༠༡༡ ལོའི་ཟླ་༢ ཚེས་༡༩ཉིན་གློད་གྲོལ་ཐོབ་ཡོད་པ་རེ།
རྗེས་སུ་ཁོང་དང་གྲོགས་པོ་སྐོར་ཞིག་གིས་༼དམར་ཤོག་རྒོལ་ལན་ཚོགས་པ་༽ཞེས་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། བོད་དོན་ལས་འགུལ་སྤེལ་སྟབས། ༢༠༡༢ལོ་ཁོང་བསྐྱར་དུ་འཇུ་བཟུང་བཙོན་འཇུག་བྱས།
ཕྱི་ཟླ་༦ ཚེས་༡༢ ཉིན་གློད་གྲོལ་ཐོབ་སྟེ། གསེར་རྟ་རྫོང་། ཀོས་ཚ་སྡེ་བའི་རང་ཁྱིམ་དུ་འབྱོར་སྐབས།ས་གནས་བོད་མི་ཚོས་ཀོས་ཚ་སྡེ་བའི་མདུན་ཐང་དུ་གུར་རྒྱབ་ནས་རླངས་འཁོར་རུ་བསྟར་བསྒྲིགས་ཏེ་ཕེབས་བསུ་བྱས་བ་དང་། རྟེན་འབྲེལ་གྱི་ཁ་བཏགས་འཐེན་པ་མ་ཟད།ཁོང་ལ་བོད་མིའི་བདེན་དོན་འཐབ་རྩོད་པ་ཞེས་ཆེ་བསྟོད་བྱས་ནས་གསོལ་སྟོན་བཤམ་ཡོད་འདུག
གཡུ་བྷུཾ་གློད་གྲོལ་ཐོབ་པའི་ཉིན་དེར་ཁོང་གིས་“བདག་བཙོན་གྲོལ་དང་། བསྒྲགས་གཏམ་”ཞེས་པ་ཞིག་སྤེལ་བའི་ནང་འཁོད་དོན། ཤ་རུས་གཅིག་པའི་བདག་གི་ཡུལ་མི་དང་སྤུན་ཟླ་ལྷན་རྒྱས། ཁྱེད་རྣམ་པ་བདེ་མོ་ཡིན་ནམ། ང་རང་སྔ་གཞུག་ཏུ་ལོ་འགར་བཙོན་འཇུག་བྱས་ཤིང་། དཀའ་ལས་ཀྱང་གང་འཚམས་ཤིག་མྱངས་བ་མང་ཆེ་བས་ཤེས་གསལ་ལྟར་རེད། དེ་ནི་རང་ཉིད་ཀྱི་བསམ་པ་རྣམ་དག་ཅིག་གིས་ཉེ་བར་བསྐུལ་བའི་བོད་བསྟན་སྲིད་ལ་ཞབས་ཕྱི་ཞིག་དང་། ལྷག་པར་དུ་རེ་བཞག་ཆེན་པོ་དེ་དང་ཡིད་ཆེས་རྣལ་མ་ཞིག་ཕྲག་ཏུ་བསྣམས་ནས་འུ་ཚོའི་ཆེས་གཏན་དུ་བཞུད་སོང་བའི་སྐུ་གཤེགས་དཔའ་བོ་དཔའ་མོར་གདུང་སེམས་མཉམ་སྐྱེད་ཅིག་དང་། རྗེས་དྲན་ཞིག་གི་དོན་དུ་ཡང་ཡིན་པས་དཀའ་ལས་དེར་ང་ལ་བློ་འགྱོད་གང་ཡང་བྱུང་མྱོང་མེད།
རེད་དེ། ངས་དེ་རིང་སྐད་ཆ་ཞིག་བཤད་འདོད་པ་ནི། བོད་པ་བོད་པ་རང་གིས་བསྐྱབས་དགོས་པ་ལས། མི་རིགས་གཞན་གྱིས་སྐྱོབ་ནུས་པ་མ་རེད།ཅེས་གསུངས་པ་བཞིན། འུ་ཚོར་རང་གི་ཁ་ཕྱོགས་ལམ་ཕྱོགས་དེའི་སྟེང་ནས། ཁ་ཕོར་དང་རྐུབ་སྟེགས་གྱི་དབང་དུ་མི་འཆོར་བར། ཕྱི་ནང་ངོས་ཟིན་ཡོད་པ་དང་། བོད་མིའི་འཕྲལ་ཡུན་གྱི་དོན་ལ་བསམ་ནས་ཕུ་ནུ་ནང་མཐུན་སོགས་འདུ་ཤེས་གཅིག་གྱུར་ཞིག་ཡོང་རྒྱུ་ནི་མི་རིགས་ཤིག་ལ་ཆེས་མེད་དུ་མི་རུང་བ་ཞིག་རེད་འདོད།
དེང་སྐབས་བོད་པའི་གནས་བབས་སྐྱ་ཆད་སྔོ་སྡུག་འདི་འདྲའི་སྐབས་འདིར།བོད་ལ་ལས་ཆར་ནག་ནང་གི་ཐོབ་འཐེན།བོད་ལ་ལས་བྲག་ཕུག་ནང་གི་གླུ་བླངས་ནས་མི་འདུག་པར།ལོ་ན་རྒན་གཞོན་དང་།གོ་ས་མཐོ་དམན།སྐྱ་སེར་ཕོ་མོ་མེད་པར་ཀུན་གྱིས་རང་མི་རིགས་ཀྱི་ཆོས་རིག་གཙུག་ལག་འདི་གཞན་གྱི་རྐང་འོག་ཏུ་མི་འཆོར་པར་བརྩོན་ལེན་བྱེད་རྒྱུ་ནི།ཁོག་ན་སྙིང་དང་།སྙིང་ལ་དྲོད་ཡོད་པའི་བོད་མི་ཞིག་ཡིན་ཚེ་བཟློག་མེད་ཀྱི་འགན་འཁྲི་ཡིན་པ་ཤེས་གལ་ཆེའོ།།
མཇུག་ཏུ་ཞུ་རྒྱུ་ཞིག་ལ།ཕྲན་ལ་ཤེས་ཡོན་གྱི་ཆུ་ཚད་དང་བསམ་བློའི་གོ་རྟོག་སོགས་ཕྱོགས་ཀུན་ནས་དབུལ་ནའང་།ང་རང་གི་ཤ་རུས་དང་ལུས་ཁམས་ན་རྒྱུ་བའི་ཟུངས་ཁྲག་འདི་བོད་ལས་ཆད་པ་ཡིན་ཞིང་།རང་སེམས་འདི་བོད་པའི་སྐྱིད་སྡུག་ལ་གླན་པའི་བོད་མི་ཞིག་ཡིན་པའི་ཆ་ནས་བཤད་པ་ཡིན་པས་ཀུན་གྱིས་ཐུགས་ལ་འཛིན་པར་ཞུའོ།།།།
སྐད་ཆ་འདི་བཙོན་གྲོལ་ཐོབ་མ་ཐག་པའི་ཡུལ་གསེར་རྟའི་གཡུ་བྷུཾ་ཞེས་འབོད་པས་༢༠༡༤ལོའི་སྤྱི་ཟླ་༦པའི་ཚེས་༡༢ཉིན་ལའོ།།