ཆབ་སྲིད་བཙོན་པ་གྲྭ་ཐུབ་བསྟན་བརྩོན་འགྲུས་གློད་གྲོལ།

ཆབ་སྲིད་བཙོན་པ་གྲྭ་ཐུབ་བསྟན་བརྩོན་འགྲུས་བཙོན་འཇུག་དུས་ཡུན་རྫོགས་ཏེ་འདི་ལོ་སྤྱི་ཟླ་༧ ཚེས་༡༧ ཉིན་གློད་གྲོལ་བཏང་སྟེ། རང་ཡུལ་དུ་འབྱོར་སྐབས་སེར་སྐྱ་མི་མང་གིས་ཁ་བཏགས་སྒྲོན་འབུལ་གྱིས་མཚོན་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

ཆབ་སྲིད་བཙོན་པ་གྲྭ་ཐུབ་བསྟན་བརྩོན་འགྲུས་བཙོན་འཇུག་དུས་ཡུན་རྫོགས་ཏེ་འདི་ལོ་སྤྱི་ཟླ་༧ ཚེས་༡༧ ཉིན་གློད་གྲོལ་བཏང་སྟེ། རང་ཡུལ་དུ་འབྱོར་སྐབས་སེར་སྐྱ་མི་མང་གིས་ཁ་བཏགས་སྒྲོན་འབུལ་གྱིས་མཚོན་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

དེ་ཡང་ལྷ་སྲས་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གྲྭ་ཐུབ་བསྟན་བརྩོན་འགྲུས་རྒྱ་ནག་གིས་བཙོན་འཇུག་བྱེད་དགོས་དོན། ༢༠༡༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་། རྐང་ཚ་ཡུལ་ཚོ་རུ་དབང་ཆེན་ནོར་བུས། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་རྗེས། བིས་མདོ་དགོན་ཆེན་དུ་གྲྭ་པ་ཚོས་མ་སྐུལ་དང་བླངས་ཐོག་མཆོད་འབུལ་སྨོན་ལམ་གསུངས་ཡོད་པ་མ་ཟད། ཕྱི་ཟླ་༡༡ ཚེས་༢༡ ཉིན་བིས་མདོ་དགོན་ཆེན་དང་དགོན་སྡེ་གཞན་གྱི་གྲྭ་པ་རྣམས་རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ནང་མིར་མྱ་ངན་འཚམས་འདྲིའི་ཆེད་ས་གནས་སུ་བསྐྱོད་ཡོད་ཀྱང་། སྐབས་དེར་རྫོང་གི་འགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ། བིས་མདོ་དགོན་ཆེན་གྱི་བླ་མ་བཅས་ཡོང་སྟེ་རྐང་ཚ་ཡུལ་ཚོའི་ཉེ་འདབས་གསེར་སྒའི་ཉག་ག་ཞེས་པའི་ས་ཆར་བཀག་འགོག་བྱས་རྗེས། གྲྭ་པ་ཚོས་ས་གནས་རང་དུ་བསྔོ་སྨོན་གསུངས་དགོས་བྱུང་ཡོད།

ཕྱིས་སུ་རྫོང་དང་ས་གནས་ཉེན་རྟོག་པས་ས་གནས་ཀྱི་སྐྱ་སེར་མང་པོ་འཛིན་བཟུང་བྱས་པ་དང་འདྲི་གཅོད་སོགས་སུན་གཙེར་རབ་དང་རིམ་པ་བྱས་སྟབས། ནག་ཉེས་ཚང་མ་བིས་མདོ་དགོན་པའི་དགེ་འདུན་པ་ཐུབ་བསྟན་བརྩོན་འགྲུས་དང་ཚུལ་ཁྲིམས་ཁོང་གཉིས་ཀྱིས་ཁས་ལེན་བྱས་ཡོད་པ་རེད། ཕྱི་ལོ་༢༠༡༣ལོའི་བོད་ཟླ་༣ པའི་ཚེས་ ༨ ཉིན་ནང་མི་དང་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པའི་ཐོག་ཁོང་གཉིས་ལ་ལོ་གསུམ་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག རྒྱ་ནག་གཞུང་གིས་སྐབས་དེར་རང་ལོ་༢༧ ཡས་མས་ཡིན་པའི་གྲྭ་ཐུབ་བསྟན་བརྩོན་འགྲུས་ལ། དགོན་པའི་ནང་རང་སྲེག་རྒྱ་རྒོལ་བ་དབང་ཆེན་ནོར་བུའི་ཆེད་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་གནང་མཁན་དང་། ཕྱི་ཚེས་༢༡ ཉིན་རྫོང་གི་འགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ་བཅས་ཀྱིས་བཀག་འགོག་བྱས་ཏེ་ས་གནས་སུ་བསྔོ་སྨོན་གསུང་སྐབས་དབུ་མཛད་ཀྱི་འགན་འཁུར་མཁན་བཅས་ཡིན་པའི་ཉེས་མིང་འོག་ལོ་༣ ལ་བཙོན་འཇུག་ཁྲིམས་ཆད་དང་། གཞན་ཡང་སྐབས་དེར་རང་ལོ་༣༠ ཡས་མས་ཡིན་པའི་དགེ་འདུན་ཚུལ་ཁྲིམས་ལ། གྲྭ་པ་ཚོ་རྐང་ཚ་ཡུལ་ཚོ་རུ་འགྲོ་སྐབས་འབྲེལ་བ་བྱེད་མཁན་དང་ཞལ་འདེབས་བསྡུ་རུབ་བྱེད་མཁན། རླངས་འཁོར་གོ་སྒྲིག་བྱེད་མཁན་བཅས་ཀྱི་ཉེས་མིང་འོག་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ལྷ་སྲས་བསོད་ནམས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། གྲྭ་ཐུབ་བསྟན་བརྩོན་འགྲུས་ནི་བིས་མདོ་ཞང་ཆུ་ཇ་གོང་མའི་སྡེ་བ་ནས་ཡིན་པ་དང་། གྲྭ་དགེ་འདུན་ཚུལ་ཁྲིམས་ནི་བིས་མདོ་ཞང་གཞོང་ཡུལ་སྡེ་པ་ནས་ཡིན་ལ་དོལ་རྒྱལ་ཚོགས་པའི་དམར་གསོད་བཏང་བའི་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་གྲྭ་ངག་དབང་བློ་གྲོས་ཀྱི་ཚ་བོ་དང་ཤག་གི་དགེ་ཕྲུག་ཡིན། ལོ་ཤས་སྔོན་དུ་རྒྱ་གར་དུ་ཡོང་མྱོང་ཡོད་པ་དང་ཁོང་ནི་ད་དུང་བཙོན་འོག་ན་མུ་མཐུད་དུ་བཀག་ཉར་བྱས་འདུག །
ཁོང་གཉིས་ཁྲིམས་ཆད་སྐབས་ཀྱི་གནས་ཚུལ་འདིར་གཟིགས།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།