ཆབ་སྲིད་བཙོན་ཟུར་ཞིག་གར་སོང་ཆ་མེད་དུ་གྱུར་འདུག

ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༨ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཞི་རྒོལ་སྐད་འབོད་གནང་རྗེས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༨ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཞི་རྒོལ་སྐད་འབོད་གནང་རྗེས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གི་ནང་མི་ཚོས་ཁོང་ས་གནས་རྒྱ་གཞུང་གིས་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་འདུག སོག་མཁར་བློ་གྲོས་རྒྱ་མཚོ་ནི་ཕྱི་ལོ་༡༩༩༣ ལོའི་ཟླ་༡ ཚེས་༡༣ ཉིན་སྒེར་འཁོན་ཞིག་གིས་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཟེར་བས་མི་ལོ་༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས།

ཕྱི་ལོ་༡༩༩༥ ཟླ་༣ ཚེས་༤ ཉིན་བློ་གྲོས་རྒྱ་མཚོས་གྲྭ་བཞི་བཙོན་ཁང་ནང་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུག རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་བསྒྲིལ་ཡིན་ཞེས་སྐད་འབོད་བྱས་པ་མ་ཟད། ད་དུང་ཁོང་གིས་ལག་བྲིས་བྱས་པའི་ཡིག་ཆ་༣༠༠ ལྷག་ཙམ་འགྲེམས་སྤེལ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཉིན་གསུམ་ལས་མ་འགྱངས་པར་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས།

ཡིན་ནའང།  མཉམ་འབྲེལ་རྒྱལ་ཚོགས་དང་།  རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པའི་དབང་གིས་མི་ལོ་དྲུག་ཕྱིར་འགྱངས་ཀྱིས་མུ་མཐུད་བཙོན་འཇུག་བྱས་པ་དང།  ཆབ་སྲིད་ཀྱི་དབང་ཆ་ལོ་གསུམ་བཙན་ཕྲོགས་བྱས། ཕྱི་ལོ་༢༠༡༥ ཟླ་༥ པའི་ནང་བཙོན་གྲོལ་ཐོབ་ཡོད་ཀྱང། རྒྱ་ནག་གཞུང་གི་ཉེན་རྟོག་དང་བདེ་སྲུང་མི་སྣ་སོགས་ཀྱིས་དུས་རྟག་ཏུ་སུན་བཙིར་དང་སོ་མྱུལ་ལྟ་ཞིབ་ཀྱི་འོག་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་གཏན་ནས་མེད་པའི་གནས་སུ་གྱར་བ་རེད། ཕྱི་ལོ་༢༠༡༥ལོར་རྒྱ་གཞུང་གིས་བོད་མི་རྣམས་ལ་རྣམ་པ་འདྲ་མིན་གྱི་འཁྲབ་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་དུ་བཅུག་པ་མ་ཟད། ད་དུང་སྟག་གཟིགས་སོགས་སེམས་ཅན་གྱི་ལྤགས་པས་བཟོས་པའི་རྒྱན་གོས་གྱོོན་དགོས་པ་སོགས་ཀྱིས་བཙན་བཀའ་བཏང་། དེ་བཞིན་ཕྱི་ལོ་༢༠༡༦ ལོར་རྒྱ་གཞུང་གིས་ས་གནས་གཞན་ལ་སློབ་གཉེར་དུ་ཕྱིན་པའི་གྲྭ་བཙུན་རྣམས་ཕྱིར་ལོག་བྱེད་དགོས་པ་དང། གལ་ཏེ་མ་ལོག་པ་ཡིན་ན་སོ་སོའི་ཁྱིམ་མི་རྣམས་དབྱར་རྩ་དགུན་འབུ་བརྐོ་རུ་མི་འཇུག་པ་མ་ཟད། ཐ་ན་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་ཀྱི་འཇིགས་སྐུལ་བྱས་པར་བརྟེན། བློ་གྲོས་རྒྱ་མཚོས་སློབ་གཉེར་བ་རྣམས་ནི་ཁྲིམས་མཐུན་གྱི་སློབ་སྦྱོང་བྱེད་བཞིན་ཡོད་པ་དང། དེ་ལ་འགོག་རྐྱེན་བྱེད་པ་ནི་ཁྲིམས་མེད་ལུགས་མེད་ཡིན་པ་སོགས་ཀྱི་ཡར་ཞུ་བྱས་པར་བརྟེན། ཁོང་སྔ་རྗེས་སུ་རྒྱ་ནག་གཞུང་གིས་བཀག་ཉར་ཐེངས་གཉིས་ཙམ་བྱས། སོག་མཁར་བློ་གྲོས་རྒྱ་མཚོ་ནི་བོད་ནག་ཆུ་ཁུལ་སོག་རྫོང་ཚ་དབྲོག་ཡུལ་མཚོའི་སོག་མཁར་གྲོང་སྡེ་ནས་ཡིན་པ་དང། ད་ལྟ་རང་ལོ་༥༧ ཡིན་པ་དང་མིང་སྲིང་༥ཡོད་འདུག ཁོང་བཙོན་ཁང་དུ་བཙོན་འཇུག་མ་བྱས་གོང་ནག་ཆུ་ཁུལ་དུ་རྡོ་འགྱོག་འགྲན་སྡུར་ནང་ཨང་དང་པོ་ཐེངས་གཉིས་ཙམ་བླངས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།