ཆར་ཞོད་ཆེ་བས་ཧི་མ་ཅལ་དང་ཀེ་ར་ལ་མངའ་སྡེ་བཅས་ལ་ས་རུད་སོགས་ཀྱིས་མི་རྒྱུ་གཉིས་ལ་དཀའ་ངལ་འཕྲད་བཞིན་འདུག
ཟླ་འདིིའི་ཚེས་༣ ་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་ནང་གི་ཀུ་ལུ་དང་སིམ་ལ་རྫོང་སོགས་སུ་ཆར་པ་བབས་པ་དང་སྤྲིན་པ་འཐོར་ནས་ཆུ་ལོག་བྱུང་རྐྱེན། ད་བར་མི་ལྔའི་ཚེ་སྲོག་ཤོར་ཞིང་གཞན་མི་༥༠ ལྷག་བོར་བརླག་ཏུ་ཕྱིན་ཡོད་འདུག
བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་སིམ་ལ་རྫོང་གི་ས་མེ་ཤེ་(Samesh) ་གྲོང་ཚོ་ལ་སྤྲིན་པ་འཐོར་བས་གློ་བུར་དུ་ཆུ་ལོག་བྱུང་སྟེ་མི་གྲངས་༣༣ ཙམ་བོར་བརླག་ཏུ་ཕྱིན་ཡོད་འདུག ཁ་སང་རེས་གཟའ་པ་སངས་ཉིན་སིམ་ལ་ཁུལ་དུ་ཆར་ཤུགས་ཆེན་པོ་བབས་ནས་མྱུར་སྐྱོབ་ཀྱི་ལས་གཞི་མཚམས་འཇོག་བྱེད་དགོས་ཁེལ་ཞིང་། མྱུར་སྐྱོབ་རུ་ཁག་གིས་ད་བར་བོར་བརླག་ཕྱིན་པའི་མི་གཅིག་ཀྱང་རྙེད་སོན་མ་བྱུང་བར་བརྟེན། འབྲེལ་ཡོད་ནང་མི་ཚོ་སེམས་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་འདུག
དེ་བཞིན་སིམ་ལ་ནས་སྤྱིི་ལེ་༡༢༥ ཙམ་གྱི་སར་ཡོད་པའི་ཧི་མ་ཅལ་མངའ་སྡེའི་མན་ཌི་(Mandi) ་རྫོང་དུ་ཡང་སྤྲིན་པ་འཐོར་ནས་རི་ཉིལ་བ་དང་འགྲོ་ལམ་འགག་པའི་གནས་ཚུལ་ཡང་བྱུང་ཡོད་འདུག ཀུ་ལུ་རྫོང་གི་ཇ་འོན་(Jaon) ་གྲོང་ཚོ་ལ་ཡང་སྤྲིན་པ་འཐོར་བའི་དབང་གིས་མི་གཅིག་ཤི་བ་དང་མི་དགུ་བོར་བརླག་ཏུ་ཕྱིན་ཞིང་། ཁང་པ་བཅུ་གཅིག་ཆུས་ཁྱེར་བ་དང་ཟམ་པ་གཉིས་ལ་གཏོར་སྐྱོན་ཕོག་ཡོད་འདུག
རེས་གཟའ་པ་སངས་ཉིན་ཧི་མ་ཅལ་གཞུང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཆུ་ཚོད་༢༤ ནང་ཀུ་ལུ་ཁུལ་དུ་སྤྲིན་པ་འཐོར་བའི་གནས་ཚུལ་གསུམ་དང་། སིམ་ལ་དང་མན་ཌི་ཁུལ་དུ་གཅིག་རེ་བྱུང་བ་བཅས་རྫོང་གསུམ་གྱི་ནང་དུ་སྤྲིན་པ་འཐོར་བའི་གནས་ཚུལ་ལྔ་བྱུང་ཞིང་། གོད་ཆགས་དེའི་ཁྲོད་དུ་མི་གྲངས་ལྔ་ཤི་ཞིང་མི་གྲངས་༥༠ བོར་བརླག་ཏུ་ཕྱིན་ཡོད་འདུག དེ་བཞིན་བརྒྱུད་ལམ་ཁག་ཏུ་མ་ཎ་ལིའི་འགྲོ་སའི་ལམ་འགག་ཆད་པ་སོགས་ཀྱི་བརྙན་ཞིག་འགྲོ་བཞིན་འདུག་ལ། བརྙན་དེར་མ་ཎ་ལི་ལ་ཡོང་མཁན་ཚོར་བདུན་ཕྲག་གཅིག་ཙམ་གྱི་རིང་མ་ཡོང་ཡག་ཤོས་ཡིན་པར་བརྗོད་འདུག ཆར་དུས་སྐབས་སུ་རྒྱ་གར་གྱི་ས་ཆ་མང་པོར་རི་ཉིལ་བ་དང་ཆུ་ལོག་འབྱུང་གི་ཡོད་པ་ལྟར། ཧི་མ་ཅལ་ནང་དུ་ཡང་ཆུ་ལོག་དང་སྤྲིན་པ་འཐོར་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག དཔེར་ན་ཕྱི་ལོ་༢༠༢༣ ལོའི་ཆར་དུས་ཟླ་བ་གཉིས་ཀྱི་རིང་། ཧི་མ་ཅལ་མངའ་སྡེའི་ནང་སྤྲིན་པ་འཐོར་བ་དང་ས་རུད་བའི་དོན་རྐྱེན་ཁྱོན་བསྡོམས་༡༧༠ བྱུང་ཞིང་། ཁང་པ་༩༦༠༠ ་ཙམ་གྱི་ཆ་ཤས་སམ་ཡོངས་རྫོགས་གཏོར་སྐྱོན་ཕོག་ཡོད་འདུག་པས། མངའ་སྡེའི་གཞུང་ལ་ཧིན་སྒོར་ཀ་རོ་(Crore) ༧༡༧༡ ་གི་གྱོང་གུན་ཕོག་ཡོད་འདུག གཞན་ཡང་ཟླ་འདིའི་ཕྱི་ཚེས་༢༦ ་ནས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཝ་ཡ་ན་ཊ་(Wayanad) ཞེས་པའི་རྫོང་ཁུལ་དུ་ཆར་པ་ཤུགས་ཆེན་བབས་ཏེ་ས་རུད་ཆེན་པོ་བྱུང་བའི་ཁྲོད་ད་བར་མི་གྲངས་༣༠༨ ཀྱི་ཚེ་སྲོག་ཤོར་ཡོད་པ་ཁ་སང་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།