ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠ པར་ཉན་ཞིབ་དངོས་སུ་འཚོགས་སོང་།
ཟླ་འདིའི་ཚེས་༥ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཉན་ཞིབ་དངོས་སུ་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༥ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཉན་ཞིབ་དངོས་སུ་འཚོགས་ཡོད་པ་རེད།
ཉིན་དེར་ཁྲིམས་ཞིབ་པ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་རིང་དང་། ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད། ཁ་གཏད་རྩོད་ལེན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་བཅས་ཀྱིས་རྩོད་ལེན་བཤད་རེས་བྱས་ཡོད་པ་རེད།
ཁ་མཆུ་དེ་ནི་ཐོག་མར་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ཡིན་སྐབས། ཁོང་ལས་གནས་ནས་བཀའ་ཤག་གིས་འཕོ་འགྱུར་བཏང་ཡོད་པ་དང་། ༢༠༡༨ ལོའི་ཕྱི་ཟླ་༥ པའི་ཚེས་༡༨ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས། བཀའ་ཤག་གིས་དོན་གཅོད་ཀྱི་ལས་གནས་འཕོ་འགྱུར་གཏོང་སྟངས་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད། དོན་གཅོད་འཕོ་འགྱུར་བཏང་བ་དེ་བཀའ་ཤག་ལ་དབང་ཚད་ཡོད་པ་ཕྱོགས་གཉིས་ཀ་གཅིག་མཐུན་བྱུང་ནས། དེར་རྩོད་གཞི་མེད་པ་དང་། ༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་སྐོར་ལ་ཁ་མཆུ་འདི་དང་འབྲེལ་བ་མེད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་ཟིན་ཡོད་པ་རེད།
གཙོ་བོ་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གཏོང་དགོས་དོན་སྐོར་ལ་རྒྱུ་མཚན་དོན་ཚན་བཅུ་ཅན་ཞིག་བཀྲམ་ཡོད་པ་དེ་དོན་གཅོད་ཟུར་པ་ཁོང་ལ་མ་ཉེས་ཁག་གཡོགས་བྱས་སོང་ཞེས་ཁྲིམས་གཏུག་བྱས་ཏེ། ༢༠༡༩ ལོའི་ཟླ་༦ ཚེས་༥ ཉིན་ཁྲིམས་རར་རྩོད་ལེན་བཤད་རེས་བྱེད་བཞིན་ཡོད་པ་རེད། ཁྲིམས་ར་རྗེས་མ་ག་དུས་འཚོག་རྒྱུ་ཡིན་མིན་ད་དུང་ཁ་གསལ་མེད་པ་རེད།
ཉིན་དེའི་ཕྱི་དྲོ་ཉན་ཞིབ་སྐབས་རྩོད་ལེན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས། ཞིབ་ཚགས་ལན་འདེབས་ཆེད་མི་མང་གཏུག་བཤེར་གྱི་ཁྲིམས་ཡིག་ནང་དོན་ལྟར། དུས་ཚོད་ཕར་འགྱངས་དགོས་པའི་སྙན་ཞུ་ཁྲིམས་ཞིབ་ཁང་ལ་ཕུལ་ཡོད་པ་དང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་དུས་ཚོད་ཕར་མི་དགོས་པ་བྱེད་དགོས་སྐོར་སྙན་སེང་ཞུས་སོང་།
ཁྲིམས་ཞིབ་པས་ངོས་ནས་གནད་དོན་དེ་ཁྲིམས་ཞིབ་ཁང་ལྷན་ཚོགས་སྐབས་ཐག་གཅོད་བྱེད་རྒྱུ་དང་། ཁྲིམས་ར་རྗེས་མ་ག་དུས་འཚོག་མིན་བརྡ་ཐོ་གཏོང་ཡོང་ཞེས་བརྗོད་ནས། ཉིན་དང་པོའི་ཉན་ཞིབ་ལས་རིམ་མཇུག་གྲོལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་དོན་ཚན་བཅུ་ལ་ལན་འདེབས་གསར་གནས་འདིར་གཟིགས།