ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བསྐྱར་བཅོས་ཐུབ་མ་སོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ “ཨང་༢༣ པ་” ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་བྱེད་ཐུབ་མེད་པ་དང་། དེ་ཡང་སྤྱི་འཐུས་ཀྱི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་ནའང་། སྤྱི་འཐུས་རྒྱབ་སྐྱོར་བྱེད་མཁན་༢༡ ལས་བྱུང་མེད་པ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ “ཨང་༢༣ པ་” ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་བྱེད་ཐུབ་མེད་པ་དང་། དེ་ཡང་སྤྱི་འཐུས་ཀྱི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་ནའང་། སྤྱི་འཐུས་རྒྱབ་སྐྱོར་བྱེད་མཁན་༢༡ ལས་བྱུང་མེད་པ་རེད།
ཟླ་འདིའི་ཚེས་༣༠ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་བཞིན་པའི་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་ཆ་རྐྱེན་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཀའ་ཤག་གིས་བཏོན་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་༢ པའི་ནང་། ཁྲིམས་ཞིབ་པ་གསུམ་གྱི་འོས་ཆོས་“ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་” ཞེས་འཁོད་ཡོད་པ་རེད། ལོ་སུམ་བཅུའི་ཚད་བཀག་དེ་༢༠༢༡ ལོའི་ཕྱི་ཟླ་༦ ནང་ནས་ཚང་ཡོད་པས། ཆ་རྐྱེན་དེ་ཚང་བའི་འོས་མི་འཚོལ་སྒྲུབ་ཚོགས་ཆུང་གིས་བཙལ་ཡོད་ནའང་། མ་རག་པར་བརྟེན། ཁྲིམས་ཆར་བསྐྱར་བཅོས་ནང་། “བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སོ་གསུམ་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་”ཞེས་འཁོད་ཡོད་པ་རེད།
ཁྲིམས་ཆར་དེར་དགག་པ་རྒྱག་མཁན་ཚོས་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་དང་འབྲེལ་བའི་ “ཡིག་ཆ་ཨང་༣༩ པ་” ༢༠༢༡ ལོའི་ཕྱི་ཟླ་༣ པའི་ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཏན་འབེབས་བྱས་པ་དེ་ལག་བསྟར་མ་བྱས་པ་ལ་བརྟེན་ནས། ཁྲིམས་ཞིབ་པ་བསྐོ་རྒྱུར་རྙོག་གླེང་ཡོད་སྐོར་བརྗོད་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།