ཆོལ་ཁའི་མིང་ཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་མ་འདོན་རོགས།

སྲིད་སྐྱོང་ལམ་ལུགས་སྣ་ཚོགས་ཁྲོད། མང་གཙོའི་ལམ་ལུགས་དེ་བཞིན་ལྟོས་བཅས་ཀྱིས་སྤུས་ཚད་ལེགས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་སྨྲོས་མེད་རེད། ལྷག་པར་དུ། དེང་གི་དུས་སུ་སྐྱེ་བོ་མང་པོས་རང་སྲོག་ཀྱང་བློས་གཏོང་གིས། ལམ་ལུགས་དེའི་ཆེད་བརྩོད་བཞིན་ཡོད།

སྐལ་བཟང་སྤེན་པ།
སྲིད་སྐྱོང་ལམ་ལུགས་སྣ་ཚོགས་ཁྲོད། མང་གཙོའི་ལམ་ལུགས་དེ་བཞིན་ལྟོས་བཅས་ཀྱིས་སྤུས་ཚད་ལེགས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་སྨྲོས་མེད་རེད། ལྷག་པར་དུ། དེང་གི་དུས་སུ་སྐྱེ་བོ་མང་པོས་རང་སྲོག་ཀྱང་བློས་གཏོང་གིས། ལམ་ལུགས་དེའི་ཆེད་བརྩོད་བཞིན་ཡོད། འོན་ཀྱང་། ང་ལྟ་བུར་མཚོན་ན། མང་གཙོ་ནི་སྐབས་རེ་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ལ་མཐོང་གིན་ཡོད། རལ་གྲི་དེ་དཔྱོད་ཤེས་མ་ཐུབ་པའི་བྱིས་པ་ཞིག་གི་ལག་ཏུ་བཞག་ཚེ། རལ་གྲི་གནམ་ལ་འཕྱར་མ་ཤེས་པར་རང་ཉིད་ཀྱི་སྐེ་གཅོད་པའི་ཉེན་ཁ་ཡོད།

དེ་བཞིན་དུ། མང་གཙོའི་འོས་འགན་དང་ཐོབ་ཐང་རྣམས་ཚུལ་བཞིན་མ་ཤེས་པའམ། ཤེས་ཀྱང་ལག་ལེན་དུ་མ་བསྟར་ཚེ། སྤྱི་ཚོགས་ཁྱོན་ལ་སྙོག་གླེང་བྱུང་སྟེ། མཐར་སྤྱི་ཚོགས་ཤིག་ལ་སྟོབས་ཤུགས་སྤྲོད་མཁན་གྱི་ལམ་ལུགས་དེ་སྤྱི་ཚོགས་དུམ་བུར་གཏོང་མཁན་གྱི་རལ་གྲི་ཞིག་མི་ཆགས་པའི་ངེས་པ་མེད། གནད་དོན་དེའི་ཐད་འཛམ་གླིང་ནང་དཔེ་མཚོན་མང་པོ་དྲང་རྒྱུ་ཡོད། དེར་བརྟེན། མང་གཙོ་ཚད་ལྡན་ཡོང་བར་གཞི་རིམ་མི་མང་གི་ཤེས་ཡོན་གནས་ཚད་གང་ཙམ་དགོས་ལུགས་བརྗོད་པའི་གནད་འགག་ཡང་དེ་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་མཚོན་ན། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། ད་བར་མི་ལོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་། མང་གཙོའི་ལམ་བུའི་ཐོག་གོམ་བགྲོད་བྱས་དང་བྱེད་བཞིན་ཡོད་ཀྱང་། མང་གཙོའི་གོ་རྟོགས་ཡོད་མཁན་ད་དུང་ཡང་མང་པོ་མ་རེད། དེའི་དབང་གིས་ང་ཚོར་མཚོན་ན། མང་གཙོ་དང་ཆོལ་ཁ། ཆོས་ལུགས་རྣམས་ཧ་ལམ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་འགྱུར་བཞིན་ཡོད།
དེ་ཡང་འོས་བསྡུ་ཆེ་ཕྲ་ཆུང་གསུམ་ཅི་འདྲ་ཞིག་ཡིན་ཀྱང་། གཙོ་བོ་དེ་རང་ཉིད་ཀྱི་དགའ་ཉེ་བློ་དཀར་དང་། ཆོལ་ཁ། ལུང་ཚན་སོགས་གཅིག་པ་རིགས་ལ་འོས་འཕེན་རྒྱུ་གཙོ་དོན་བྱེད་པ་ལས། སྤྱི་པའི་རྩ་དོན་གཙུག་ཏུ་བཀུར་མཁན་གྱི་མི་སྣ་ཞིག་ལ་འོས་བླུགས་མཁན་མེད་པ་མིན་ཀྱང་། དེ་ཙམ་མང་པོ་མ་རེད། དེ་ནི་ངས་གོང་དུ་མང་གཙོ་དང་ལུང་ཚན་རིགས་དོན་གཅིག་མིང་གི་རྣམ་གྲངས་སུ་འགྱུར་བཞིན་ཡོད་ལུགས་བརྗོད་པའི་གནད་དོན་དེ་ཡིན།

ད་ལྟའི་ཆར་ང་ཚོས་མང་གཙོའི་ཁེ་ཕན་ཆེ་ཤོས་ལོངས་སུ་སྤྱོད་པའི་དུས་སྐབས་དེ་སླེབས་གྲབས་ཡོད། དེ་ནི་གཞན་གང་ཡང་མིན་པར་སྲིད་སྤྱི་གཉིས་འོས་འདེམས་བྱ་རྒྱུ་དེ་རེད། འཁྲུག་ཆ་དོད་པའི་བརྒྱུད་རིམ་དེའི་ཁྲོད་ཚོགས་པ་དང་མི་སྒེར་ཚོས་རང་ཉིད་ཀྱི་འོས་མི་རྣམས་འབུར་བཏོན་བྱེད་ཀྱི་ཡོད། འོན་ཀྱང་། ངའི་ངོས་ནས། བརྗོད་ན། ཚོགས་པ་བྱེ་བྲག་པ་དང་། ཆོལ་ཁ་བྱེ་བྲག་པས་ཚོལ་ཁའི་མིང་ཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་བཏོན་པ་དེ་ནི་ནོར་འཁྲུལ་ཞིག་ལས་དགེ་མཚན་ཆེ་བ་ཞིག་ལ་མཐོང་གི་མེད། དཔེ་མཚོན་ཙམ་བརྗོད་ན། ཉེ་དུས་དབུས་གཙང་ཆོལ་ཁའི་མིང་ཐོག་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་གི་འོས་མིར་བཏོན་པ་རེད། དེའི་དབང་གིས་དེང་སྤྱི་ཚོགས་ནང་་་་དབུས་གཙང་མི་མང་ལྐུག་པ་རེད་་་ཟེར་བ་ལ་སོགས་རྒྱུག་པ་ལེབ་བརྡུང་གི་ཚིག་མཚོན་མི་ཉུང་བ་ཞིག་བཏབ་པ་དང་གླེང་སློང་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད།
དེ་ལྟ་བུའི་ཚིག་མཚོན་དེ་རིགས་དང་གླེང་སློང་དེ་རིགས་ང་ཚོའི་སྤྱི་ཚོགས་འདིར་མི་མཁོ་པ་མ་ཟད་། སྤྱི་པའི་མཐུན་ལམ་ལའང་གནོད་པའི་གཞི་ཆགས་ཡོད་སྟབས། མ་འོངས་པར་འབྲེལ་ཡོད་ཚོགས་པའི་མཛད་གཙོ་རྣམ་པས་ཀྱང་། དགོངས་བསམ་ལེགས་པོ་བཞེས་དགོས་པར་མཐོང་། དེ་ཙམ་དུ་མ་ཟད། མངའ་རིས་སྤྱི་མཐུན་ཚོགས་པས་ཀྱང་། དབུས་གཙང་ཆོལ་ཁས་བཏོན་པའི་འོས་མི་ལས་བརྒལ་ཏེ། བཀྲིས་དབང་འདུས་ལགས། སྲིད་སྐྱོང་འོས་མིར་བཏོན་པ་རེད། དབུས་གཙང་ཆོལ་ཁས་སྲིད་སྐྱོང་འོས་མི་གཅིག་བཏོན་པ་དང་ཡང་ཆོལ་ཁོངས་དེ་རང་ནས་མངའ་རིས་སྤྱི་མཐུན་ཚོགས་པས་འོས་མི་གཞན་ཞིག་བཏོན་པ་དེ་ནི་ཕན་ཚུན་རྒྱབ་འགལ་མིན་ན་ཅི་རེད། དེར་བརྟེན། ང་ཚོར་མི་དགོས་སར་ལྷག་པའི་ཕྱག་ལས་དེ་རིགས་ཚོགས་པ་དང་སྐྱིད་སྡུག་ཁག་གི་མི་གནང་རྒྱུའི་རེ་བ་ཡོད། སྲིད་སྤྱི་འོས་འདེམས་ནི་འོས་བླུགས་ཆ་རྐྱེན་ཚང་བའི་བོད་མི་མི་སྒེར་གྱི་ཐོབ་ཐང་དང་འོས་འགན་རེད་མ་གཏོགས། མི་སྒེར་གྱི་ཚབ་ཏུ་ཆོལ་ཁ་དང་ཚོགས་པ་བྱེ་བྲག་པ་ཞིག་མདུན་དུ་ཐོན་ནས། རྔ་བརྡུང་དར་འཕྱར་བྱེད་དགོས་པའི་གནད་དོན་ཞིག་གཏན་ནས་མིན་སྟབས། མ་འོངས་པར། སྤྱི་ཚོགས་ཁྱོན་ཡོངས་ལ་གཟིགས་ཏེ། ཆབ་སྲིད་ཚོགས་པ་མིན་ཕྱིན། ཚོགས་སྐྱིད་གང་ཡིན་སོ་སོའི་གནས་བབ་དེ་གར་བཞུགས་ན་དགེ་མཚན་ཆེ་བར་མཐོང་ངོ་།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།