ཆོས་མིན་ཆོས་སུ་སྨྲ་བར་ལན་འདེབས།

ཉེ་ཆར་ “ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང་” ཟེར་བས་ “རྒྱལ་ཆེན་ཤུགས་ལྡན་གྱི་གནས་དོན་ཐག་གཅོད་ཡང་དག་པ་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་” ཅེས་པའི་ནང་དོན་སྙིང་པོར་དོལ་རྒྱལ་བསྟེན་གསོལ་བྱས་པ་ཆོས་དད་རང་མོས་ཀྱི་གདན་དོན་ལ་ཐུག་པའི་སྐོར་འགྲེལ་བརྗོད་བྱས་འདུག

 བསྟན་འཛིན་ཀུན་ཁྱབ་པས།
༄༅། །ཉེ་ཆར་ “ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང་” ཟེར་བས་ “རྒྱལ་ཆེན་ཤུགས་ལྡན་གྱི་གནས་དོན་ཐག་གཅོད་ཡང་དག་པ་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་” ཅེས་པའི་ནང་དོན་སྙིང་པོར་དོལ་རྒྱལ་བསྟེན་གསོལ་བྱས་པ་ཆོས་དད་རང་མོས་ཀྱི་གདན་དོན་ལ་ཐུག་པའི་སྐོར་འགྲེལ་བརྗོད་བྱས་འདུག

ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་འཁྲིད་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ་ ༡༩༥༩ ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཤུགས་ལྡན་གྱི་འདྲ་པར་བཀོད་དེ་ ”ངོ་ལོག་ཟིང་འཁྲུག་གི་ལྷ་” ཞེས་ཐུ་ལུད་བརྒྱབ་སྟེ་དམའ་འབེབས་སྐྱོན་འཛུགས་ཚད་ལས་བརྒལ་བ་བྱེད་ཡུལ་དེ་ད་ཆ་བསྟེན་གསོལ་བྱེད་པ་ཆོས་དད་རང་དབང་གི་རྒྱབ་སྐྱོར་བྱེད་ཡུལ་ཞིག་ཏུ་གྱུར་པ་དེ་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་དམིགས་ཏེ་སྙོན་འཛུགས་སླད་ཆབ་སྲིད་ཀྱི་དགོས་མཁོ་ལས་མ་འདས། ཡིད་མ་ཆེས་ན་ཚགས་པར་ཕྱོགས་བསྒྲིགས་ཀྱི་དབྱར་ཀའི་ཚགས་པར་བལྟས་ན་ཤེས་ཀྱི་རེད།

དེ་རྗེས་ ༡༩༦༠ ནང་ “ལྷ་མེད་སྨྲ་བ་” ཟེར་བའི་དེབ་ཅིག་ཆེད་མངགས་ཕྱོགས་བསྒྲིགས་པར་སྐྲུན་འགྲེམས་སྤེལ་བྱས་པ་དེའི་ནང་དུ་ལྷ་ཀླུ་གཞི་བདག་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད། དེང་སང་བསམ་བཏང་དྲན་སྐྱེས་ལྟ་བུས་ཤུགས་ལྡན་ལ་ཐུག་དུས་མཛེས་རྒྱན་སྤྲོད་གང་ཐུབ་བྱེད་པ་ངོ་མི་ཚའམ། ཆོས་ལ་དུག་ཏུ་བལྟ་བའི་སྲིད་གཞུང་ཞིག་གིས་ཆོས་ལུགས་ཀྱི་འགྲོ་སྟངས་མི་ཤེས་བཞིན་དུ་ཆོས་ལུགས་ལ་ཐེ་བྱུས་ཀྱི་ཐག་གཅོད་ཡང་དག་པ་བྱེད་རྒྱུ་ཟེར་བ་ཡ་མཚན་དངོས་བྱུང་རེད།

ཁྱེད་ཚོའི་ཆོས་དད་རང་མོས་ཟེར་བ་ནི། ཆོས་ལ་དད་པ་བྱས་ནའང་རང་མོས་དང་། ཆོས་ལ་དད་པ་མི་བྱེད་ནའང་རང་མོས། ཆོས་ལ་དད་པ་བྱེད་མཁན་ཞིག་གིས་ནང་ཆོས་ཀྱི་གཞུང་ཆེན་པོར་སློབ་སྦྱོང་བྱེད་སའི་བཤད་གྲྭ་སོགས་རྒྱ་སྐྱེད་ན་ཁྲིམས་འགལ་དང་། ཆོས་ལ་དད་པ་དང་ཡིད་ཆེས་མེད་མཁན་ཞིག་གིས་ཆོས་བྱེད་ཕྱོགས་སྐོར་འགྲེལ་བཤད་བརྒྱབ་ན་ཡང་དག་པ་ཡིན་པ་དེ་གུང་ཁྲན་ཏང་གི་ཆོས་དད་རང་མོས་ངོ་མ་དེ་ཡིན་པ་ཚང་མས་ཤེས་པ་བྱེད་དགོས།

དེང་སྐབས་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་ཀུན་ཕན་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པར་རྒྱ་དམར་གྱི་འཐབ་ཕྱོགས་གཅིག་གྱུར་ཟེར་བའི་ལྟ་བ་མཁྲེགས་འཛིན་མཁན་ཚོ་མ་བཟོད་པར་བསྟན་བཤིག་དོལ་རྒྱལ་ཚོགས་པར་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་བྱུས་བཟུང་ཁུལ་གྱིས་རྒྱུ་དག་མེད་པའི་མི་ངན་ཉུང་ཤས་ལ་སྤྲང་ཁྱིའི་མདུན་རུས་ཁོག་དབྱུགས་པ་ལྟར་དངུལ་གྱིས་བསླུས་ཏེ་གང་སར་སྐད་ངན་སྒྲོག་པ་ནི་རང་མདོག་རང་གིས་བསྟན་ཏེ་རྔོ་ལོ་འཕྱར་བ་ལས་ཉི་ཤར་སྦར་མོས་ནམ་ཡང་འགེབས་མི་ཐུབ་པ་ཀུན་ཤེས་ཡིན། བོད་ཀྱི་གཏམ་དཔེར། ཇོ་ལགས་སྐུ་ཐང་མཉེལ་རོགས་དང་། ཤ་ཁྱི་རྐང་པ་ཚ་རོགས་ཟེར་བ་ལྟར་ལས་ཡོང་རྒྱུ་གང་ཡང་མེད།

ཁྱེད་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ། དོལ་རྒྱལ་བསྟེན་གསོལ་བྱེད་པ་དེ་ཆོས་མ་རེད། ཆོས་ལོག་རེད། དོལ་རྒྱལ་ཟེར་བ་གཤིན་འདྲེ་རེད། སྤྱིར་བཏང་སྲོག་གཏད་ཅེས་པའི་དོན་ནི། ལྷ་སྲུང་གང་ཞིག་བཀའ་བསྒོ་གནང་མཁན་གྱི་བླ་མའི་བཀའ་དང་འགལ་ན། སྲུང་མ་རང་ཉིད་ཀྱི་སྲོག་བླ་མའི་ཕྱག་ཏུ་གཏད་པ་དང་སྲུང་མའི་སྲོག་རང་ལ་ཚུར་གཏད་དུ་བཅུག་པ་ལ་ཟེར། འོན་ཀྱང་ཤུགས་ལྡན་གྱི་སྲོག་གཏད་ནི། བསྟེན་གསོལ་བྱེད་མཁན་རང་ཉིད་སོ་སོའི་སྲོག་འདྲེའི་ལག་ཏུ་གཏད་པ་ཡིན་ཞིང་། སྲོལ་ངན་དེ་ ༡༩༣༠ ཡས་མས་ལ་ཐོག་མའི་སྲོལ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་གཏོད་པ་དང་། རྗེས་སུ་དེའི་ཁུངས་སྟ་ཕུ་པདྨ་བཛྲ་ཡིན་ཚུལ་བརྗོད་ཀྱི་ཡོད་ཀྱང་སྟག་ཕུའི་གསུང་འབུམ་དང་གསུང་རྣམ་གང་གི་ནང་དུའང་ཚིག་འབྲུ་གཅིག་ཀྱང་མི་གསལ།

དེ་ལས་ལྡོག་སྟེ་སྟག་ཕུའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་ཞེས་པའི་ནང་དོལ་རྒྱལ་ལ། བསྟེན་ཅིང་སྒྲུབ་པའི་ཕུང་འགོང་དང་། །མཐའ་ཡི་རྒྱ་འདྲེ་གཉའ་རེངས་པས། །ཅི་བྱས་སྡུག་ཅིང་ཅི་བྱར་མེད། །འ་ཆད་འུ་ཐུག་ཅི་ཡང་འབྱུང་། །ཞེས་འཁོད་ཡོད། ཤུགས་ལྡན་ལམ་དམ་སྲི་དང་། གསོན་འདྲེ། ཤི་འདྲེ། མཁའ་ལ་རྒྱུ་བའི་ཡི་དྭགས། དོལ་རྒྱལ། འབྱུང་པོ། འདྲེ་ངན་སོགས་མིང་གི་རྣམ་གྲངས་མང་པོ་ཡོད། ཕུང་འགོང་ཞེས་པའང་ཤུགས་ལྡན་གྱི་མིང་གཞན་ཞིག་ཡིན།

ཤུགས་ལྡན་གྱི་བསྟོད་འགྲེལ་ཞེས་པ་ནི་ ༡༩༦༧ ལོར་རྒྱ་གར་ནང་གསར་རྩོམ་བྱས་པ་དང་། དེ་བཞིན་ཤུགས་ལྡན་གྱི་བསྐང་གསོ་རྒྱས་པ་ཟེར་བ་ཡང་ ༡༩༣༣ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་རྗེས་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་གསར་རྩོམ་བྱས་པ་ཞིག་རེད། དེ་ལྟར་ཤུགས་ལྡན་བསྟེན་གསོལ་དེ་ལོ་རྒྱུས་ལྡན་པ་ཞིག་ཡིན་མིན་ལས་སླ་པོར་བསམ་གཞིགས་བྱེད་ཐུབ་པ་ཞིག་ཡིན།

༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཅུ་གསུམ་པ་ཆེན་པོའི་བར་༸རྒྱལ་དབང་སྐུ་ཕྲེང་སུས་ཀྱང་ཤུགས་ལྡན་བསྟེན་གསོལ་གནང་མཁན་བྱུང་མེད་པ་ལོ་རྒྱུས་ལ་བལྟས་ན་ཧ་ཅང་གསལ་པོ་ཡོད། འོན་ཀྱང་འཆར་ཅན་ལྟར་རང་གི་དགོས་མཁོར་གཞིགས་ཏེ་ལོ་རྒྱུས་ལ་འཁྱོག་བཤད་གཡོ་བཅོས་བྱེད་པ་ནི་འུ་ཐུག་པའི་ལས་ཀ་ཞིག་རེད།

༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྐུ་ན་ཕྲ་མོའི་སྐབས་ཤུགས་ལྡན་བསྟེན་པ་གནང་ཡོད། དེ་སྐབས་༸གོང་ས་མཆོག་སྐུ་ན་དང་སྐུ་ཡོན་གསན་བཞེས་ཚད་རྫོགས་པ་ཞིག་མེད་པ་གང་ཉིད་ཀྱི་གསུངས་ལས་ “དེ་ཕན་ཆད་ཀྱི་ངའི་གནས་སྟངས་ནི། ཕྲུ་གུ་ཆུང་ཆུང་ཞིག་འཚར་ལོངས་བྱེད་པའི་སྐབས་ཡིན། སོ་སོས་བསམ་བློ་བཏང་སྟེ་རང་དབང་གི་སྒོ་ནས་ལྷའི་གནས་ཚུལ་ཕར་བཞག  སྤྱི་བཏང་གི་གནས་ཚུལ་ཡང་བསམ་བློ་འཁོར་ཐུབ་ཀྱི་མེད།” ཅེས་བཀའ་གནང་ཡོད། དེ་རྗེས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་རང་ལུགས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེའི་ཐོག་ཕེབས་མ་ཐུབ་པའི་སྐྱོན་བྱུང་བ་དང་། དོལ་རྒྱལ་བསྟེན་པ་འདི་ཕྱི་གཉིས་དང་སྤྱི་སྒེར་གང་ལ་ཡང་ཕན་ལས་གནོད་ཆེ་བ་ཡོད་པ་ཆོས་ཕྱོགས་ནས་བརྟག་པ་གནང་སྒོ་རིམ་པ་ཚང་མ་རྩེ་མཐུན་པ་གཟིགས་ཏེ་༸རྒྱལ་བ་ཉིད་ནས་བསྟེན་མཚམས་གཙང་མ་གནང་བ་དང་། རིམ་པས་སེར་སྐྱ་མང་ཚོགས་ལ་དགེ་སྐྱོན་གསལ་བཤད་དམ་བསྒྲགས་གནང་བ་དེས་བསྟན་པ་སྤྱི་དང་། བྱེ་བྲག་དགེ་ལྡན་བསྟན་ལ་དག་ཐེར་སྲི་ཞུ་གནང་བའི་ཞབས་འདེགས་ཆེན་པོ་ཞིག་ཡིན་པས་བསམ་ཤེས་ཅན་དག་གིས་བཀའ་དྲིན་ཚོར་ཤེས་དགོས་རྒྱུ།

ལྐུག་པར་ལྐུག་བརྡ་མ་བྱས་ན། གཞན་གྱིས་གོ་བརྡ་འཕྲོད་དཀའ་བཞིན། ཆོས་ཁས་མི་ལེན་མཁན་ཀླ་ཀློ་ལ་ཆོས་བཤད་ཀྱི་གོ་བརྡ་སྤྲོད་རྒྱུ་དཀའ་ཡང་། ཅུང་ཟད་མ་གླེང་ཐབས་མེད་ལ་བརྟེན་བརྗོད་པར་བྱ་སྟེ། ནང་པའི་ཆོས་ལ་ཞུགས་ཏེ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཕྱིན་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་སོང་ན། སྐྱབས་འགྲོ་སྟོང་པ་ལམ་རིམ་ཆེན་མོར་གསུངས་ཡོད། རི་བོ་དགེ་ལུགས་པའི་བསྟན་པའི་བདག་པོ་རྗེའི་གསུང་སྐྱབས་འགྲོའི་བསླབ་བྱ་དང་རྒྱབ་འགལ་བྱས་ན། སྤྱིར་ནང་པ་སངས་རྒྱས་པ་དང་བྱེ་བྲག་དགེ་ལུགས་པའི་གྲས་སུ་ག་ལ་ཚུད།

ཆོས་དད་རང་མོས་ཞེས་པའི་དོན་ནི། ཆོས་ལུགས་གང་ཞིག་ལ་དད་པ་བྱེད་དང་མི་བྱེད་གང་ཟག་རང་རང་སོ་སོའི་རང་དབང་རེད། འོན་ཀྱང་ཆོས་ལ་དད་པ་བྱས་ཕྱིན་ཆོས་ལུགས་དེའི་བསླབ་བྱ་དང་སྡོམ་ཁྲིམས་སྲུང་དགོས་པ་ལས། ཆོས་དད་རང་མོས་ཡིན་ཞེས་བསླབ་ཁྲིམས་དང་འགལ་བའི་གང་བྱུང་བྱེད་མི་ཆོག་པ་ཆོས་ལུགས་སོ་སོར་སྡོམ་ཁྲིམས་ཡོད་པ་ཙམ་མ་ཟད། སྲིད་དོན་གྱི་ལྟ་གྲུབ་མི་འདྲ་བའི་ཚོགས་སྡེ་ཁག་ལའང་ནང་ཁྲིམས་ཡོད། དཔེར་ན་གུང་ཁྲན་ཏང་ནང་ཞུགས་ཕྱིན་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་པ་ཁྱེད་ཚོས་ཤེས་གསལ་ཡིན། རྗེ་ཙོང་ཁ་པ་ཆེན་པོ་ཞལ་བཞུགས་ཀྱིས་བསྟན་པ་ཉི་མ་ཤར་བ་ལྟར་དར་རྒྱས་ཀྱི་སྐབས་སུ་ཤུགས་ལྡན་ཟེར་བ་མིང་ཙམ་ཡང་མེད། དེ་ལྟར་ཤུགས་ལྡན་བསྟེན་གསོལ་འདི་ནང་པའི་ལྟ་སྤྱོད་དང་མི་མཐུན་པར་གུང་བྲན་ཆོས་མེད་རིང་ལུགས་པའི་ལྟ་བ་དང་། སྒྲིག་ཁྲིམས་བཅས་དང་རྒྱབ་འགལ་ཡིན་པ་ཁྱེད་ཚོས་ཤེས་བཞིན་དུ་དོལ་རྒྱལ་རྗེས་འབྲངས་དང་བཅས་པ་ཉུང་ཤས་ཀྱི་རྒྱབ་རྩ་བྱསཏེ་དངུལ་དངོས་ཀྱི་འགྲོ་སོང་ཕངས་མེད་དུ་བཏང་བ་ནི་གནས་སྐབས་ཀྱི་ཁེ་ཕན་སྒྲུབ་ཐབས་འུ་ཐུག་པའི་བྱ་བ་ལས། དོན་དངོས་ཐོག་མ་ལེ་རིང་ལུགས་དང་། མའོའི་བསམ་བློ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཟེར་བ་སོགས་དང་རྒྱབ་འགལ་དུ་སོང་བས་ནམ་ཞིག་ཁོང་ཚོས་ལྷམ་གྱི་ཆེད་དུ་རྐང་པའི་ཤ་འབྲེག་མི་སྲིད་པ་མ་རེད།

གདན་ས་ཆེན་པོ་ཁག་གིས་དབུས་པའི་དགེ་ལུགས་ཀྱི་དགོན་མ་ལག་དང་བཅས་པ་བརྒྱ་ཆ་ ༩༩ དམ་ཆོས་འདུལ་བའི་དགོངས་དོན་ཚུལ་ཤིང་བཞེས་པའི་ཐོག་ནས་དོལ་རྒྱལ་བསྟེན་གསོལ་མི་བྱེད་པ་སྨོས་ཅི། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་ཐག་གཅོད་གཙང་མ་གནང་ཡོད། མུ་མཐུད་བསྟེན་གསོལ་བྱེད་མཁན་ཉུང་ཤས་ཟུར་དུ་ཐོན་ནས་རང་རང་གི་གནས་གཞི་བཟུང་སྟེ་དོལ་རྒྱལ་རང་ཉིད་ཀྱིས་ “ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན།” ཞེས་ཁས་ལེན་བྱས་ཡོད་པ་ལྟར་བསྟེན་གསོལ་བྱེད་པར་མ་ཟད། ད་དུང་འཇམ་མགོན་རྒྱལ་བའི་བསྟན་སྲུང་དང་། ཡི་དམ་རྡོ་རྗེ་ཤུགས་ལྡན། ད་སྐབས་སྟོན་པ་ཤུགས་ལྟན་ཞེས་འུད་བསྟོད་ཀྱིས་སྐྱབས་གནས་ཀུན་འདུས་སུ་བསྟེན་པའི་སངས་རྒྱས་བསྟན་པའི་རྨ་འབྱིན་གྱི་ལས་ངན་ཚབས་པོ་ཆེ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོས་མ་འོངས་མངོན་མཁྱེན་གྱིས་སྔ་ས་ནས་དོལ་རྒྱལ་དམ་བསྒྲགས་མཛད་པ་ནི་སངས་རྒྱས་བསྟན་པར་དག་ཐེར་གྱི་ཞབས་འདེགས་ཆེན་པོ་ཞིག་ཡིན་པ་ང་ཚོས་གསལ་བཤད་མི་དགོས་པར་ད་སྐབས་ཁོ་པ་ཚོའི་བྱ་སྤྱོད་དངོས་ཀྱིས་ར་སྤྲོད་བྱས་དང་བྱེད་བཞིན་ཡོད་པ་འདི་ཡིན།

ཁྱེད་ཚོའི་རྐུན་རྒྱབ་ཇག་ལངས་ལྟ་བུའི་བྱེད་སྟངས་ནི་དཔེར་ན། མི་ཞིག་གིས་ངས་ལུག་བརྐུས་ནས་ཤ་ཟས་པ་ཡིན། པགས་པ་འདི་ཡིན་ཟེར་བཞིན་དུ་རྐུན་མ་དེ་དང་ངན་འབྲེལ་ཡོད་པ་ཞིག་གིས་ཁོས་རྐུས་སྲིད་ཀྱི་མ་རེད། ཁོ་ལག་པ་གཙང་མ་རེད། ཅེས་དག་འབུད་བྱས་ན་དེ་ལ་ཆ་འཇོག་སུས་བྱེད་ཀྱི་རེད།

ཨ་རིའི་དོལ་རྒྱལ་ཚོགས་པའི་རྒྱུན་ལས་རྣ་བོ་རྒྱ་མཚོ་ཟེར་བས་དམངས་ཁྲོད་ཁ་བརྡ་ཞེས་པའི་དྲ་བརྙན་ནང་ “ང་ཚོས་ཀྲུང་གོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་བཤད་པ་དེ་ལ་ཉན་དགོས།” ཞེས་སྐད་གསང་མཐོན་པོས་དམར་རྗེན་བསྒྲགས་པ་ནས་ཤུགས་ལྡན་ཚོགས་པ་དང་རྒྱ་དམར་དབར་ལག་འབྲེལ་ཡོད་པ་དེ་ལྷག་ཁུངས་སྐྱེལ་ག་རེ་དགོས། དེ་ལྷག་དཔང་རྟགས་ག་རེ་དགོས། ཕྱི་རུ་སྤྲང་པོའི་སྤྲེའུས་འདྲེ་གར་འཁྲབ་པ་དེ་ཌ་རུ་དཀྲོག་མཁན་གཞན་ཞིག་ཡོད་པ་གསལ་པོ་མི་འདུག་གམ།

དེ་བཞིན་མི་རིགས་ཀྱི་ལྟ་བ་དང་། ལངས་ཕྱོགས་རྒྱབ་བསྐྱུར་གྱིས་དངུལ་དངོས་ཁོ་ན་དོན་གཉེར་བྱེད་མཁན། དཔེར་ན། སྨད་ཚོང་གཞང་རིན་སུས་ཆེ་བ་སྤྲད་ན་དེ་དང་ཉལ་པོ་བྱེད་མཁན་དང་མཚུངས་པའི་བོད་རིགས་ཀྱི་རྐང་འདྲེན་པ་ཉུང་ཤས་བེད་སྤྱོད་ཀྱིས་རྒྱལ་སྤྱིའི་ཐོག་རྒྱལ་བ་རིན་པོ་ཆེའི་ཆེ་མཐོང་མེད་པ་བཟོ་ཐབས་དང་། ༸རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་དབར་འགལ་བ་བཟོ་ཐབས། ༸རྒྱལ་བ་རིན་པོ་ཆེ་དང་དགེ་ལུགས་ཆོས་བརྒྱུད་ཁ་བྲལ་གཏོང་ཐབས། ༸རྒྱལ་བ་རིན་པོ་ཆེའི་ཀུན་ཕན་གྱི་མཛད་འཕྲིན་མཐའ་དག་ལ་ལོག་པར་ལྟ་བ་བཅས་ཀྱི་ཐོག་ནས་ཁོང་ཚོའི་འཆར་གཞི་དམིགས་ཡུལ་ཇི་ཡིན་གསལ་པོ་རྟོགས་ཐུབ། འཛམ་གླིང་འདིའི་སྟེང་༸རྒྱལ་བ་རིན་པོ་ཆེར་དགྲར་འཛིན་བྱེད་མཁན་རྒྱ་ནག་དམར་པོའི་གཞུང་དང་། དེའི་རྒྱུག་ཁྱི་ཤུགས་ལྡན་བསྟེན་གསོལ་བ་གཉིས་ལས། དེ་མིན་ཆོས་ཁས་ལེན་མཁན་དང་། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ལ་བརྩི་བཀུར་བྱེད་མཁན་ཚང་མས་༸རྒྱལ་བ་རིན་པོ་ཆེར་དམིགས་བསལ་ཆེ་མཐོང་གིས་གུས་བརྩི་དགའ་མོས་ཞུ་མཁན་མ་གཏོགས་ངོ་རྒོལ་སྐྱོན་འཛུགས་བྱེད་མཁན་མེད།

ཉེ་ཆར་ཨ་རི་དང་། ནོར་ཝེ། ནི་དར་ལེནྡྲ། འཇར་མ་ནི་བཅས་པར་༸གོང་ས་མཆོག་བསྟན་འགྲོའི་བདེ་དོན་སླད་ཆིབས་སྒྱུར་སྐབས་བོད་ཀྱི་གད་སྙིགས་མི་ངན་ཁ་ཤས་དང་ཉིན་གླ་སྤྲད་པའི་ཕྱི་རྒྱལ་བ་གླ་མི་འགའ་ཤས་བཅས་ནས་མཚན་ཤས་བཟོ་ཆེད་ངོ་རྒོལ་སྐད་འབོད་བྱེད་མཁན་དེ་ཚོའི་འདྲ་པར་དང་ལོ་རྒྱུས་ཡོངས་བསྒྲགས་བྱས་པར་ཁོ་པ་ཚོ་རང་གི་ཉེས་སྤྱོད་ལ་ངོ་ཚ་ཁ་སྐྱེངས་དབང་གིས་སྐུ་ཚབ་དོན་གཅོད་ཁག་ལ་གལ་སྲིད་མི་དེ་དག་ལ་སྲོག་སྐྱོན་དང་བརྡུང་རྡེག་སོགས་ཕོག་ཚེ་དེའི་འགན་ཁྱེད་ཚོར་ཡོད་ཟེར་བའི་ངན་བྱས་ངོ་སོར་འཁྱེར་བའི་ཡི་གེ་བཏང་བ་འགྲིག་མིན་གྱི་སྐད་ཅོར་རྒྱག་མཁན་རེ་ཟུང་བྱུང་ཡོད། དེ་ཐད་མི་བྱེད་དགུ་བྱེད་བྱས་དྲགས་ན་མི་ལབ་དགུ་ལབ་ལབ་རྡོལ་མང་ཟེར་བ་དེ་བྱུང་བ་རེད།

༸གོང་ས་ཆེན་པོར་ལྟོས་མེད་ངོ་རྒོལ་ཞུ་མཁན་གྱི་མདུན་ལ་ཚོར་བ་མེད་པར། ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་དང་། ཕྱོགས་གཞན་ནས་མི་ངན་དེ་ཚོ་སུ་དང་སུ་ཡིན་འདྲ་པར་ངོ་སྤྲོད་བྱས་པར་སྡུག་ནད་མི་ཐེག་པ་ལྟ་བུས་འགྲིགས་མི་འགྲིགས་བཤད་པ་ཡ་མཚན་དང་དོགས་པ་སྐྱེ་གཞིའི་གནས་སུ་མཐོང་།

གོང་གསལ་ཡིག་ཆའི་ནང་། “ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་རྗེས་སུ་འབྲང་ནས་རྒྱལ་ཆེན་ཤུགས་ལྡན་གྱི་གནས་ཚུལ་ཁ་ལ་གཡར་ཏེ་ཟིང་ཆ་སློང་བའམ། དོན་རྐྱེན་བཟོ་མཁན་ལ་ཉེས་ཆས་དྲག་པོ་གཅོད་རྒྱུ་” ཞེས་བཀོད་ཡོད། དངོས་གནས་ཟིང་ཆ་སློང་མཁན་དང་། ༡༩༩༧ ལོར་རྡ་རམ་ས་ལར་མཚན་ཉིད་སློབ་དཔོན་དང་དགེ་ཕྲུག་གཉིས་བཅས་དམར་གསོད་གཏོང་མཁན་ཉེས་ཅན་པ་དེ་དག་བོད་ལ་ཕྱིར་ལོག་བྱས་པར་ཉེས་ཆས་གཏོང་རྒྱུ་ལས་ལྡོག་སྟེ་སྲུང་སྐྱོབ་བྱས་ཡོད།

ཁོང་ཚོའི་ཁོངས་ཀྱི་བསྟན་འཛིན་ཆོས་ལྡན་དང་། བློ་བཟང་ཆོས་གྲགས་ཟེར་བ་གཉིས་རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་(NTER POL)ནས་ནག་ཅན་དུ་ངོས་འཛིན་གྱིས་དོ་དམ་དགོས་ལུགས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་དེར་བརྩི་བཀུར་བྱས་ཡོད་དམ། བོད་མི་རིགས་ཀྱིས་ནག་ཉེས་སུ་བརྩི་བའི་བྱ་ངན་ཁྱེད་ཚོས་བྱས་རྗེས་སུ་རྩིས་ཏེ་བྱ་དགའ་གཟེངས་བསྟོད་བྱེད་པ་ངོ་མི་ཚའམ།

དོལ་རྒྱལ་རྗེས་འབྲངས་པས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་། རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཉིས་ལ་བོད་མི་འདུས་སྡོད་ས་ཁུལ་ཁག་ནང་དོལ་རྒྱལ་རྗེས་འབྲངས་པར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་མེད་ལུགས་བསྙོན་འཛུགས་ཞུ་གཏུགས་བྱས་པར་ཞིབ་འཇུག་མཐར་ཕྱིན་གནང་རྗེས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་བརྡལ་བཤིགས་སོང་བའི་གནས་ཚུལ་བྱུང་ཡོད་ཀྱང་། བཙན་བྱོལ་ནང་ཁྱེད་ཅག་གིས་ཞུ་དོན་ལྟར་གང་ཡང་བྱུང་མི་འདུག  ཅེས་དོན་དུ་བདག་སྤྲོད་གནང་མེད། ཁོང་ཚོའི་དམིགས་དོན་ནི་འུད་སྒྲོག་བྱས་ཏེ་གནས་ཚུལ་ཆེན་པོ་བཟོ་སེམས་བྱས་ཀྱང་། རང་དབང་ལུང་པའི་ནང་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཞིབ་འཇུག་ཆ་ཚང་གནང་རྗེས་མཇུག་སྡོམ་གནང་སྲོལ་འདི་རང་དབང་ལུང་པ་དང་། དམར་ཤོག་ལུང་པའི་དབར་གྱི་ཁྱད་པར་ཡིན།

ཡང་། ཡིག་ཆ་དེའི་ནང་ཏཱ་ལའི་རུ་ཚོགས་ཀྱིས་ “མེས་རྒྱལ་ཁ་བྲལ་གཏོང་བའི་བྱེད་སྤྱོད་ཕམ་ཉེས་བྱུང་བ་དང་། ནང་ཁུལ་འགལ་ཟླ་ཇེ་ཆེར་སོང་རྗེས་རྒྱལ་ཆེན་ཤུགས་ལྡན་གསོལ་བར་བཀག་འགོག་བྱེད་རྒྱུ་དེ་ཁོ་པས་རང་འགན་གཞན་དཀྲི་དང་འགལ་ཟླ་སྤོ་སྒྱུར་བྱེད་པའི་ངན་བྱུས་” རེད་ཟེར་སྐོར་ ༸གོང་ས་ཆེན་པོས་ ༡༩༧༨ ལོ་ནས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་བ་ལས་ཉེ་ཆར་གནང་བ་ཞིག་མིན། རྒྱ་ཕྱོགས་ནས་ནས་དབྱེན་སྦྱོར་དཀྲུག་ཤིང་དང་། ངན་བསྐུལ་བྱས་ཏེ་བོད་རིགས་ནང་ཁུལ་འགལ་ཟླར་གྱུར་གཞིའི་ལས་འགུལ་མ་སྤེལ་ན། བོད་མི་ནང་ཁུལ་ཆོས་ལུགས་ཆོལ་གསུམ་དང་བཅས་པ་ཐུགས་མཐུན་དམ་གཙང་གི་གནས་སྟངས་ཨང་གི་དང་པོ་ཡོད། བོད་རྒྱ་གཉིས་སྨན་དབུ་མའི་ཐབས་ལམ་ནི་རྒྱ་ནག་གོང་བུ་གཅིག་གྱུར་ལ་གནོད་འགལ་མི་འགྲོ་ཞིང་། བོད་མིར་ཡང་རང་ཡུལ་རང་གིས་སྐྱོང་ཆོག་པའི་གཉིས་སྨན་གྱི་མཛད་ཕྱོགས་ལ་ཁ་བྲལ་ཟེར་བ་ནི་བདེན་པས་ཕོངས་པའི་རང་ཚུལ་གསལ་པོར་བསྟན་པ་ལས་གཞན་ཅི། དབུ་མའི་ཐབས་ལམ་ཐོག་མར་གཏན་འབེབས་ ༡༩༧༤ ལོར་གནང་བ་ཞིག་རེད།

དགེ་ལུགས་པ་དང་ས་སྐྱའི་ནང་ཤུགས་ལྡན་ལ་ “དད་པ་” བྱེད་ཟེར་བ་ནི་ནང་ཆོས་མ་ཤེས་པའི་རང་རྟགས་རྒྱུགས་སྤྲོད་བྱས་པ་དང་མཚུངས། དད་པ་ནི་ཡང་དག་པའི་གནས་ལ་དང་བའི་ཡིད་ཆེས་བྱེད་པར་ཟེར་བ་ལྟར་སྐྱབས་གནས་དཀོན་མཆོག་གསུམ་ལ་དད་པ་བྱེད་པ་ཡིན། འཇིག་རྟེན་པའི་དྲེགས་པར་འཕྲིན་ལས་བསྐུལ་བའི་སླད་གཏོར་མ་སྦྱིན་པ་དང་ཇ་ཆང་གིས་གསོལ་མཆོད་བྱེད་པ་ལ་དད་པ་ནམ་ཡང་མི་ཟེར།

“ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ནང་ཁུལ་རང་བསྲེགས་སོགས་ཐལ་དྲག་པའི་དོན་རྐྱེན་བཟོ་ལུགས་” ཟེར་སྐོར། རང་ལུས་མེར་བསྲེགས་བྱེད་པ་ནི་རྒྱ་དམར་གྱི་མི་རིགས་དབྱེ་འབྱེད་དང་། མི་རིགས་བྲན་བཀོལ་གྱི་སྲིད་བྱུས་ལ་བཟོད་སྒོམ་བྱེད་ཐབས་བྲལ་ཏེ་རིན་དོད་ཆེ་ཤོས་ཀྱི་སྲོག་བློས་གཏོང་གི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན། རྒྱ་དམར་གྱི་རྩ་ཁྲིམས་ནང་གསལ་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་གཅིག་གྱུར་སྤྲད་པ་ཡིན་ན། དེ་ལྟར་བྱེད་དོན་གཏན་ནས་མེད།

དེང་སང་ཤུགས་ལྡན་ཞེས་སྐད་ཅོར་བརྒྱབ་སྟེ་ངོ་མའི་མདུང་རྩེ་གཏད་ས་༸རྒྱལ་བ་རིན་པོ་ཆེ་ཡིན་པ་ར་འཕྲོད་གསལ་པོ་ཡོད། དཔེར་ན་གོང་གསལ་རྒྱ་དམར་གྱི་ཡིག་ཆ་དེའི་ནང་ “ཏཱ་ལ་སྐུ་ཕྲེང་བཅུ་བཞི་པ་དང་ཐ་དད་དུ་དབྱེ་བ་དང་། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་ཆོ་ལོ་ཐ་དད་དུ་དབྱེ་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་གསལ་པོ་ཕྱེ་དགོས་” ཞེས་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད། དེས་བོད་རིགས་སུ་གཏོགས་སོ་ཅོག་གིས་རང་འགན་རང་གིས་ཁུར་ཏེ་མནོ་བསམ་ཡག་པོ་གཏོང་དགོས།

ཤུགས་ལྡན་གྱི་གནས་ཚུལ་དེ་སངས་རྒྱས་ཀྱི་བསྟན་པར་ལོག་ལྟའི་དྲི་མས་མ་བསླད་ཅིང་། དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་དམ་གཙང་ཡོང་མིན་གནད་དོན་ལ་ཐུག་གི་ཡོད། ཁོ་ཚོས་ཤུགས་ལྡན་སྐྱབས་གནས་ཀུན་འདུས་སུ་ངོས་འཛིན་པ་དེས། ནང་ཆོས་ཀྱི་འགོ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བས། དེ་ལ་དག་ཐེར་བྱ་རྒྱུའི་འགན་ནང་པ་ཡོངས་ལ་ཡོད།

ཤུགས་ལྡན་བསྟེན་གསོལ་གྱིས་རྐྱེན་པས་ཆོས་ལུགས་གྲུབ་མཐའ་ཕན་ཚུན་དབར་མི་མཐུན་པ་ཡོང་བ་སྨོས་ཅི། དེ་དང་རྗེས་སུ་འབྲེལ་བའི་སྦྱིན་བདག་དང་། རྗེས་འཇུག་མི་མང་བཅས་པ་ནང་ཁུལ་མི་མཐུན་པ་བཟོས་པ་དེས་བོད་མི་རིགས་ཀྱི་ཆིག་བསྒྲིལ་ལ་དེ་བས་གནོད་པ་ཆེ་བ་གང་ཡོད་དམ།
ཐེ་ཝན་ལ་ཡོད་པའི་ཤུགས་ལྡན་བསྟེན་མཁན་གསེར་སྐོང་ཁྲི་སྤྲུལ་ཟེར་བའི་སྐྱ་མིན་སེར་མིན་ཁོ་པའི་རྗེས་འབྲང་པ་བཅས་ནས་རབ་བྱུང་ཀུན་དང་མི་མཐུན་པའི་སྟོད་འགག་ལྗང་ཁུ་གྱོན་པ་དེ་ནི་འཇམ་མགོན་བླ་མ་སོགས་དགེ་ལྡན་པའི་སྐྱེས་ཆེན་རིམ་བྱོན་གྱི་རྣམ་ཐར་ལ་རྒྱབ་སློག་པ་ཡིན།

མདོར་ན། གོང་གསལ་གནས་ཚུལ་གྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེས་གང་ཉིད་ལ་མཛད་དཀའ་ཆེན་པོ་ཡོད་པར་མ་དགོངས་པར་མི་ལོ་བཞི་བཅུ་སྔོན་ནས་དམ་སྲི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་བ་གང་ཉིད་སྐུ་སྒེར་གྱི་གནད་དོན་མིན་པར་སངས་རྒྱས་ཀྱི་བསྟན་པ་སྤྱིར་དགོངས་ནས་མཛད་པ་ད་སྐབས་ངོ་ཆ་གསལ་པོ་འཕྲོད་བཞིན་ཡོད་ན། བསམ་བཞིན་བསྟན་འགྲོའི་དོན་དུ་བྱོན་པའི་བླ་མ་སྐྱེ་སྤྲུལ་རྣམ་པ་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་གཞོལ་བའི་རབ་བྱུང་ཕོ་མོ། བསྟན་པ་སྟོབས་ཀྱིས་སྐྱོང་བའི་སྦྱིན་པའི་བདག་པོ། མདོར་ན་འཕགས་པ་སྤྱན་རས་གཟིགས་རང་གི་ལྷ་སྐལ་དུ་བཟུང་ཞིང་། གཟུངས་སྔགས་ཡི་གེ་དྲུག་མ་བཟླས་བརྗོད་ལ་བརྩོན་པའི་རྩམ་ཟན་བོད་མི་མཆིས་སོ་ཅོག་གིས་༸རྒྱལ་བའི་བཀའ་དྲིན་ཟབ་མོ་ཚོར་ཤེས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་སྲིད་ནམ་མཁའ་གནས་ཀྱི་བར། དེ་སྲིད་དུ་གནས་པའི་ཚུལ་ལ་རང་གིས་ནུས་སྟོབས་གང་ན་ཅི་ཡོད་ལེགས་སྐྱེས་སུ་འབུལ་བའི་དུས་ལ་སླེབས་ཡོད།། །།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།