ཆོས་ཚོགས་ཐེངས་༡༢ པའི་མཇུག་བསྡོམས་མཛད་སྒོ།
ཟླ་༦ ཚེས་༢༠ ཉིན་གྱི་ཕྱི་དྲོ་དྷ་སའི་སུརྱ་གསོལ་མགྲོན་ཁང་དུ། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཚོགས་བཞིན་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་༡༢ པ་དེ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་སོང་།
ཟླ་༦ ཚེས་༢༠ ཉིན་གྱི་ཕྱི་དྲོ་དྷ་སའི་སུརྱ་གསོལ་མགྲོན་ཁང་དུ། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཚོགས་བཞིན་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་༡༢ པ་དེ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་སོང་།
ཉིན་གསུམ་རིང་འཚོག་པའི་ཆོས་ཚོགས་ཐེངས་༡༢ པའི་ཚོགས་ཆེན་ཐོག་གྲོས་གཞི་གྲོས་ཆོད་ཁག་༨ སྤྱི་མོས་གཏན་འབེབས་གནང་ཡོད་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་དོལ་རྒྱལ་རྗེས་འབྲང་པས་༧གོང་ས་མཆོག་ལ་མངོན་སུམ་འཛེམ་མེད་ཀྱིས་མཚན་སྨད་ངོ་རྒོལ་ཞུ་བཞིན་པར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།
ཐོག་མར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་སྐབས། “ཐེངས་འདིའི་ཆོས་ཚོགས་ཐོག་ཆོས་བརྒྱུད་ཆེན་མོ་བཞི་ནས་སྐུ་ཚབ་༡༠ རེ་དང་བོན་པོ་ནས་ ༡༠། ཇོ་ནང་ནས་ ༢ བཅས་གདན་འདྲེན་ཞུས་ཡོད་པ་མ་ཟད། བླ་ཆེན་གཉིས་ཀྱི་སྐུ་ཚབ་མ་གཏོགས་བླ་ཆེན་གཞན་རྣམ་པ་སྐུ་ངོ་མ་འདིར་ཕེབས་ཡོད་སྟབས། ད་ཐེངས་ཀྱི་ཚོགས་འདུ་འདི་ཞེ་དྲགས་གཟི་བརྗིད་ཆེན་པོ་དང་རྩ་ཆེན་པོ་བྱུང་སོང་” ཅེས་སོགས་གསུངས་སོང་།
དེ་ནས་ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་ནས་ཆོས་ཚོགས་ཐེངས་བཅུ་གཉིས་པའི་གྲོས་ཆོད་སྙན་སྒྲོན་ཞུས་སོང་།
དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་དོན། ལྟ་གྲུབ་གྱི་སྐོར་དང་། ཚན་རིག་གི་སྐོར། དེ་བཞིན་ནང་ཆོས་ཀྱི་སྐོར་བཅས་དབྱེ་བ་གསུམ་དུ་ཕྱེ་དགོས་པ་རེད་ཅེས་ཤོད་སྡོད་ཀྱི་ཡོད། ཕྱི་དངོས་པོ་ཡར་རྒྱས་ཀྱི་ཐོག་ནས་ང་ཚོ་སྐྱོ་ཐག་ཆོད་རེད། ཁབ་ཅིག་ཀྱང་ཡག་པོ་བཟོ་ཤེས་ཀྱི་ཡོད་པ་མ་རེད། ཡིན་ནའང་། ནང་སེམས་ཁམས་རིག་པའི་སྐོར་ལ་ཆ་བཞག་ན་ཧ་ལས་པ་ཞིག་ཡོད་པ་རེད། དེ་ད་ལྟ་ཁྲོམ་འདྲ་བོ་སྟོན་པའི་དུས་ཚོད་ལ་བསླེབས་འདུག་པས་ཁྱེད་རང་ཚོའི་ཐུགས་ལ་བཅང་རོགས། དེ་སྔོན་རྒྱ་ནག་གི་བཤད་སྟངས་ལ་བོད་དེ་ཆེས་མུན་ནག ཆེས་གདུག་རྩུབ། ཆེས་ཀླ་ཀློ། ཆེས་རྗེས་ལུས་སོགས་བཤད་སྡད་པ་བྱུང་བ་རེད། དེ་རིང་ཁ་སང་དེ་འདྲ་བཤད་ཀྱི་མི་འདུག ད་ལྟ་རྒྱ་ནག་ལས་ལྷག་པ་དེ་འདྲ་ཆགས་ཡོད་རེད། རྒྱ་ནག་ནང་ལ་སེམས་ཙམ་པའི་ལྟ་བ་གཙོ་བོར་བཤད་པ་མ་གཏོག་མི་འདུག་ཅེས་དང་།
དེ་བཞིན་མུ་མཐུད་གསུང་དོན་རིས་སུ་མ་ཆད་པའི་མཁན་པོ་ཁྱེད་རང་ཚོས་ཐུགས་ཁུར་བཞེས་ནས་དངོས་གནས་ང་ཚོའི་མི་རབས་འདི་རྫོགས་ཚར་སོང་ནའང་། མི་རབས་རྗེས་མ་ཚོ་སྤུས་དག་པོ་ཞིག་མུ་མཐུད་ནས་ཡོང་བར་ཚང་མས་དགོངས་པ་བཞེས་དགོས་རེད། ང་རང་ཚོའི་མི་ཚེ་འདི་འགྲིག་འགྲིག་ཅིག་ཕྱིན་བཞག་པ་ཙམ་མིན་པར། ང་ཚོ་རྫོགས་ཚར་བའི་རྗེས་ལ་མི་རབས་རྗེས་མ་དེ་ཚོ་སྤུས་དག་པོ་ཞིག་ཡོང་ཐུབ་རྒྱུར་ད་ལྟ་ནས་གྲ་སྒྲིག་གནང་རྒྱུ་གལ་ཆེན་པོ་དང་། བསླབ་པ་སློབ་གཉེར་དང་སྤྱོད་པ་སྤུས་དག་པོ་ཡོད་པའི་རིགས་འཐུས་ཤོར་ཕྱིན་ན། སླར་གསོ་བྱེད་རྒྱུ་ཁག་པོ་ཡིན་སྐོར་སོགས་གསུངས་སོང་།
མཇུག་ཏུ་ཆོས་རིག་དྲུང་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།།
གསར་འགོད་པ་ངག་དབང་ཐར་པ།