ཆོས་ལུགས་ཀྱི་མིང་ཁུར་བའི་དྲག་སྤྱོད།

ད་ལྟའི་དུས་རབས་འདིར་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་ཉེས་མེད་ཀྱི་མི་སེར་མང་པོ་དམར་གསོད་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་ནང་ནེའུ་ཛིར་ལན་ཌི་རུ་ཁ་ཆེའི་ཆོས་ཁང་དུ་ཡེ་ཤུའི་ཆོས་ལུགས་ཀྱི་མིང་ཁུར་མཁན་ཞིག་གིས་གོ་མཚོན་ཐོགས་ནས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཉེས་མེད་མང་པོ་དམར་གསོད་བཏང་ཡོད་ལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༩   ཕྱི་ལོ་ ༢༠༡༩/༥ /༡

ད་ལྟའི་དུས་རབས་འདིར་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་ཉེས་མེད་ཀྱི་མི་སེར་མང་པོ་དམར་གསོད་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་ནང་ནེའུ་ཛིར་ལན་ཌི་རུ་ཁ་ཆེའི་ཆོས་ཁང་དུ་ཡེ་ཤུའི་ཆོས་ལུགས་ཀྱི་མིང་ཁུར་མཁན་ཞིག་གིས་གོ་མཚོན་ཐོགས་ནས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཉེས་མེད་མང་པོ་དམར་གསོད་བཏང་ཡོད་ལ། ཉེ་ཆར་སངྒ་ལ་རུ་དེའི་དགྲ་ཤ་ལེན་པའི་མིང་ཐོག་ནས་འབར་རྫས་གས་གཏོར་ལ་བརྟེན་ནས་ཉེས་མེད་མི་མང་པོ་དམར་གསོད་བཏང་ཡོད། དེ་བཞིན་འབར་མ་རུ་ནང་པའི་མིང་ཐོག་ནས་ཀྱང་སྐབས་རེ་འཁྲུགས་འཛིངས་ཡོང་གི་ཡོད། འདི་ལྟ་བུ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་ཆོས་ལུགས་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་སོགས་འཚེ་བའི་ལས་འགུལ་མང་པོ་སྤེལ་བཞིན་ཡོད་ཀྱང་། ཆོས་ལུགས་དེ་དག་ཕལ་ཆེ་བའི་དམིགས་ཡུལ་ནི་མི་དང་སེམས་ཅན་རྣམས་ལ་བདེ་སྐྱིད་བསྐྲུན་ཆེད་ལས། མི་མང་ལ་སྡུག་བསྔལ་སྤྲོད་ཆེད་དུ་གཏན་ནས་མིན། འོན་ཀྱང་ཆོས་ལུགས་དེ་དག་གི་རྗེས་འབྲངས་པ་རྣམས་ཀྱི་ནང་དུ་ཆོས་ལུགས་ཀྱི་མིང་ཐོག་ནས་དྲག་སྤྱོད་སྤེལ་མཁན་ཡོང་གི་ཡོད།

སྤྱིར་མི་རིགས་དང་རིག་གནས། རྒྱལ་ཁབ་ཀྱི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་ཆེད་དྲག་པོའི་ཐབས་ལམ་བེད་སྤྱོད་མེད་པ་ཞིག་མིན་ལ།  དཔེར་ན་དཔལ་འབྱོར་གྱི་ཐོག་ནས་དབུལ་ཕོངས་ཡིན་པའི་བྱང་ཀོ་རི་ཡས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་རྩེ་ཕུད་ཨ་མི་རི་ཀར་དྲག་པོའི་ཐོག་ནས་ཁ་གཏད་གཅོག་པའི་ཐབས་ལམ་ལ། རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཀྱང་བྱེད་སྟངས་དེ་ལ་ཞེད་སྣང་ཆེན་པོ་བྱེད་བཞིན་པ་ལྟ་བུ་རེད། ད་དུང་མི་སྒེར་ཞིག་གིས་རང་ཉིད་སྲུང་སྐྱོབ་ཆེད་མི་གཞན་གསོད་དགོས་ཐུག་ཚེ་ཁྲིམས་ཐོག་ནས་ནག་ཉེས་ཆུང་བ་ཡོད་པའི་གནས་ཚུལ་ནི། འཛམ་གླིང་ཤར་ནུབ་ཚང་མར་གཅིག་མཚུངས་ཡིན་པ་བཞིན། ཆེ་ཆུང་ལ་མ་ལྟོས་པར་དྲག་པོའི་བྱ་སྤྱོད་ཡོངས་སུ་རྫོགས་པ་སྤྱི་ཚོགས་ཤིག་དང་རྒྱལ་ཁབ་ཅིག་ལ་གཏན་ནས་མི་དགོས་པ་ཞིག་མིན་ནའང་། ཆོས་ལུགས་ཀྱི་མིང་ཐོག་ནས་དྲག་པོའི་བྱ་སྤྱོད་ས་གནས་གང་སར་སྤེལ་བ་ནི། ཆོས་ལུགས་སོ་སོའི་ལོ་རྒྱུས་ཀྱི་ནག་ཐིག་ཉག་གཅིག་ཏུ་གྱུར་ཡོད།

དྲག་པོའི་ཐབས་ལམ་ཆོས་ལུགས་ཀྱི་མིང་ཐོག་ནས་སྤེལ་ན་ཤུགས་རྐྱེན་ཆེ་བ་མ་ཟད། དེའི་རིགས་ནི་བུ་རབས་ཚ་བརྒྱུད་ལ་དག་ཐབས་མེད་པའི་ན་ཚ་ཞིག་ཏུ་འགྱུར་བཞིན་ཡོད། མ་འོངས་པར་ཡང་འཛམ་གླིང་ཤར་ནུབ་གང་སར་འཁྲུག་རྩོད་ཀྱི་ངོ་གདོང་གང་ཡིན་ནའང་། དོན་དངོས་ཀྱི་རྒྱབ་ལྗོངས་འཚོལ་ཞིབ་བྱས་ན་ཆོས་ལུགས་ཕན་ཚུན་གྱི་རྩོད་རྙོག་དང་། ཡང་ན་ཆོས་མེད་དང་ཆོས་དད་ཀྱི་བསམ་བློའི་འཁྲུག་རྩོད་སོགས་ཆོས་ལུགས་ལ་བརྟེན་པའི་འཁྲུག་རྩོད་ནི་མང་ཤོས་སུ་གྱུར་ཡོད། མ་འོངས་པར་ཡང་འཛམ་གླིང་གི་རྩོད་རྙོག་མང་པོ་ཞིག་རྣམ་པ་འགྲོ་བ་མིའི་ཐོབ་ཐང་དང་། ཞི་བདེ། མང་གཙོ། འདྲ་མཉམ། རང་དབང་སོགས་ཡིན་ནའང་། དོན་དམ་པར་འཁྲུག་རྐྱེན་ངོ་མ་ཆོས་ལུགས་བརྟེན་ནས་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ད་ལྟའི་ཆར་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་ཁ་ཆེའི་ཡུལ་གྲུ་མང་པོ་ཞིག་ལ་གོང་གསལ་གྱི་ཁ་གཡང་དེ་དག་གི་འོག་ནས་དམག་རྒྱག་པ་དང་། རྒྱལ་ཁབ་དེ་དག་གི་ནང་དུ་ནང་འཁྲུག་སློང་གི་ཡོད་ཀྱང་དོན་དངོས་སུ་ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས་ཡོང་གི་ཡོད།

བོད་པའི་ལོ་རྒྱུས་ནང་དུའང་ནང་འཁྲུག་སྣ་ཚོགས་ལ་བརྟེན་ནས་ཁ་འཐོར་དང་ཉམས་ཞན་དུ་གྱུར་ཡོད་པ་དང་། དེ་ཡང་གཙོ་བོ་ཐོག་མ་བོན་པོ་དང་ནང་པ། དེ་ནས་རིམ་པས་བོད་ཀྱི་ནང་པའི་རྗེས་འབྲངས་སུ་གྱུར་པའི་ཆོས་བརྒྱུད་ཕན་ཚུན་དབར་དམག་འཁྲུག་དང་ནང་གསོད་མང་པོ་བྱུང་ཡོད་པ་དང་། ཐ་ན་ཆོས་བརྒྱུད་སོ་སོའི་ནང་ཁུལ་དུའང་རྩོད་རྙོག་དང་དམག་འཁྲུག་བྱུང་བའི་ལོ་རྒྱུས་འདྲ་མིན་མང་པོ་ཡོད་པ་ནི། ནང་པའི་ཆོས་དང་མཐུན་པ་ཞིག་གཏན་ནས་མིན་ཡང་། ནང་པའི་རྗེས་འཇུག་ཏུ་ཁས་འཆེ་བའི་བླ་སྤྲུལ་དང་དགེ་འདུན་པ་མང་པོ་ཞིག་གིས་ཆོས་བརྒྱུད་སོགས་ཁ་ལ་ཁུར་ནས་ནང་འཁྲུག་བྱུང་བ་འབའ་ཞིག་ཏུ་གྱུར་ཡོད། གནས་ཚུལ་འདི་ལྟ་བུ་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་ཧ་ཅང་དཀོན་དུ་སོང་ཡོད་པ་དང་། མ་འོངས་པར་དེ་བས་ཀྱང་རྩ་མེད་དུ་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། བོད་པའི་སྤྱི་ཚོགས་ཆུང་ངུ་འདི་མ་འོངས་པར་ཆོས་ལུགས་དང་ཆོས་བརྒྱུད་ལ་བརྟེན་ནས་རྩོད་རྙོག་ཆེན་པོ་ཞིག་བྱུང་ན་འཐོར་ཞིག་ཏུ་འགྲོ་ངེས་རེད།

མདོར་ན་རྒྱལ་སྤྱིའི་སྤྱི་ཚོགས་སུ་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་སོགས་ནས་ཡུལ་གྲུ་གཞན་ལ་དམག་འཁྲུག་རྒྱག་གི་ཡོད་པ་དག་གི་རྒྱབ་ལྗོངས་ཕལ་ཆེ་བ་ཆོས་ལུགས་ལ་བརྟེན་ནས་ཡོང་གི་ཡོད་ལ། ད་དུང་གཟེངས་རྟགས་དང་ཆེ་བསྟོད་གཟིགས་གསོལ་སོགས་ཀྱང་ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོའི་ཁེ་ཕན་ཁོ་ན་གཙིགས་སུ་འཛིན་བཞིན་ཡོད། ཕལ་ཆེ་བར་གཟེངས་རྟགས་སྤྲོད་ཡུལ་དང་དེའི་ལས་དོན་སོགས་ལ་འབྲེལ་བ་ཡོད་ནའང་། མང་པོ་ཞིག་ལས་དོན་དང་གྲུབ་འབྲས་སོགས་ལ་མ་ལྟོས་པར་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོ་ལ་གཞིགས་ནས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་ཡིན་པས། ལས་དོན་ག་རེ་ཡིན་ཡང་ཕྱིའི་རྣམ་པ་ཙམ་ལ་མ་ལྟོས་པར་ནང་གི་གནད་དོན་ཆོས་ལུགས་འཐེན་འཁྱེར་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན། རྩོད་རྙོག་དེ་མི་ཚེ་མི་རབས་ལ་འཇགས་ཐབས་གཏན་ནས་མེད་པ་ཞིག་ཡིན་པས། ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་ལྗོངས་ཅན་གྱི་རྩོད་རྙོག་ཅིག་དང་གཏན་ནས་མི་འདྲ་བར་དེ་དག་ལ་དོགས་གཟོན་ངེས་པར་དུ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།