ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པ་ལས་སྤྱི་འཐུས་ཀྱི་ཐོབ་ཐང་རྩོད་ཀྱི་མེད།
ཟླ་འདིའི་ཚེས་༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༠ པ་འགོ་བཙུགས་པ་དང་མཉམ་དུ། ཇོ་ནང་པར་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་སྐོར་བརྗོད་དེ། སེར་སྐྱ་བརྒྱ་སྐོར་ཞིག་གིས་གྲོས་ཚོགས་སྒོ་རུ་ངོ་རྒོལ་ཞི་འབོད་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༠ པ་འགོ་བཙུགས་པ་དང་མཉམ་དུ། ཇོ་ནང་པར་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་སྐོར་བརྗོད་དེ། སེར་སྐྱ་བརྒྱ་སྐོར་ཞིག་གིས་གྲོས་ཚོགས་སྒོ་རུ་ངོ་རྒོལ་ཞི་འབོད་བྱེད་བཞིན་ཡོད་པ་རེད།
ལས་འགུལ་བ་ཚོའི་ལག་ཏུ་ཁ་བཏགས་དཀར་པོ་དང་། ལོ་སྔོན་མར་གྲོས་ཚོགས་ནང་ཇོ་ནང་ལ་སྤྱི་འཐུས་དགོས་པའི་ཁྲིམས་འཆར་ལ་དགག་པ་དང་པོ་རྒྱག་མཁན་ག་ཟི་དགེ་བཤེས་ཚེ་རིང་པོའི་པར་གྱི་ཐོག་ཏུ། ཆོས་བརྒྱུད་ཆོལ་ཁ་བར་འགལ་ཟླ་བཟོ་མཁན་སོགས་བྲིས་ཏེ་ཁྱེར་ཡོད་པ་རེད།
ཇོ་ནང་པས་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ།
༡ ༧གོང་ས་མཆོག་གི་བཀའ་སློབ་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་རྒྱབ་གཉེར་བཀའ་ཡིག ཆོས་བརྒྱུད་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་གསལ་བཤད་གནང་དགོས།
༢ ཆོས་བརྒྱུད་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲོས་ཆོད་དང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་སུ་ག་ཟིའི་གྲོས་ཚོགས་ནང་གི་གཏམ་བཤད་གཉིས་རྒྱབ་འགལ་ཡིན་མིན་གྲོས་ཚོགས་ནས་གསལ་བཤད་གནང་དགོས།
༣ སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་དབུས་བོད་གཞིས་བྱེས་ཇོ་ནང་པ་མི་མང་འབུམ་ཕྲག་མང་པོས་རང་གཞུང་ལ་ལ་ད་བར་དུ་སྙན་ཞུ་བརྒྱ་ཕྲག་མང་པོ་ཕུལ་བ་རྩིས་མེད་བཏང་དོན་གསལ་བཤད་གནང་དགོས།
༤ དཔལ་རྒྱལ་བ་ཇོ་ནང་པར་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དང་ཇོ་ནང་པ་རྣམས་བོད་ཀྱི་སྤྱི་འབངས་ཤིག་ལ་ངོས་འཛིན་བྱས་ཏེ། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཁྱབ་ཚད་ཀྱིས་ཇོ་ནང་པ་ལ་ངེས་པར་དུ་ཁྱབ་པའི་མཚོན་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ཐག་གཅོད་ཡང་དག་པ་གནང་དགོས།
༥ གོང་འཁོད་དགོས་འདུན་དོན་ཚན་བཞི་པོར་གྲུབ་འབྲས་མ་བྱུང་བར་དུ་ཐེངས་འདིའི་ཇོ་ནང་པའི་ཞི་འབོད་ལས་འགུལ་མཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན།
སྐབས་དེར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལ་ལས་འགུལ་སྤེལ་དགོས་དོན་དང་། དེའི་ནང་མི་གྲངས་ག་ཚོད་ཡོད་སྐོར་དྲིས་པར། ཁོང་གིས། “དེ་རིང་འདིར་རྒྱལ་ཁབ་བརྒྱད་ཀྱི་ནང་ནས་ཡོང་བའི་མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོད། བོད་ནང་གི་སྐུ་ཚབ་གསུམ་ཙམ་ཡོད། དེ་རིང་གི་ལས་འགུལ་འདི་ལག་ཏུ་ཁ་བཏག་བཟུང་ནས། གྲོས་ཚོགས་འཐུས་མི་ཚོར་སྐྱབས་འཇུག་ཞུ་ཡི་ཡོད། དགོས་འདུན་དེའི་ཐོག་གྲུབ་འབྲས་མ་བྱུང་བར་ལས་འགུལ་སྤེལ་རྒྱུ་ཡིན་”ཞེས་གསུངས་སོང་།
ཁྱེད་ཚོས་དགོས་འདུན་དོན་ཚན་བཞི་གྲོས་ཚོགས་ལ་སྤྲད་པ་དང་། ཁྱེད་རང་ཚོ་གྲོས་ཚོགས་སྒོ་རུ་ཡོང་ཡོད་པ་རེད། དེ་མ་ཡིན་པ་ག་རེ་བྱེད་རྩིས་ཡོད་ཅེས་དྲིས་པར། ཁོང་གིས། “ཇོ་ནང་གི་དོན་དག་དེ་གྲོས་ཚོགས་ནང་ཁྲིམས་འཆར་འདོན་དགོས་པ་རེད། ཐག་བཅོད་བྱུང་ན་ལས་འགུལ་མཚམས་འཇོག་དང་། མ་བྱུང་ན་མུ་མཐུད་ངག་བཅད་ལས་འགུལ། ཐལ་མོ་སྦྱར་ནས་གྲོས་ཚོགས་ལ་འབོད་སྐུལ་ཞུ་བའི་ལས་འགུལ་སྤེལ་རྩིས་ཡོད། ཇོ་ནང་གཞིས་བྱེས་འབུམ་ཕྲག་གཉིས་གསུམ་གྱི་ཚབ་ཞུས་ཏེ་འབོད་སྐུལ་ཞུས་ན། གྲོས་ཚོགས་ཀྱིས་གནང་གི་རེད་བསམ་གྱི་འདུག གཅིག་ཀྱང་ཐག་གཅོད་མ་བྱུང་ན། ལས་འགུལ་མཚམས་འཇོག་ཡོང་གི་མ་རེད་”ཅེས་བརྗོད་སོང་།
བོད་པའི་སྤྱི་ཚོགས་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་ཅེས་བསམ་ཚུལ་འདོན་མཁན་མང་པོ་རེད། ཁྱེད་རང་ཚོས་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་དགོས་ཀྱི་ཡོད་ཅེས་ཆོས་བརྒྱུད་སྤྱི་འཐུས་མང་དུ་གཏོང་གི་ཡོད་པས། དེའི་ཐོག་བསམ་ཚུལ་ག་རེ་རེད་ཅེས་དྲིས་པར། ཁོང་གིས། “ཇོ་ནང་པས་སྤྱི་འཐུས་ཀྱི་རྐུབ་བཀྱགས་དགོས་ཞེས་བཤད་ཀྱི་ཡོད་པ་མ་རེད། དེ་ཆོས་བརྒྱུད་ཀྱི་ཐོབ་ཐང་ནང་ནས་ཆུང་ཆུང་ཞིག་རེད། ང་ཚོས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཟེར་གྱི་ཡོད་རེད། བཀའ་བརྒྱུད། སྙིང་མ། ས་སྐྱ། དགེ་ལུགས། བོན་པོ་དང་བཅས་པར་ཐོབ་ཐང་གང་ཡོད་པ་དེ་ཇོ་ནང་པར་དགོས་ཟེར་གྱི་ཡོད་རེད། ད་ལྟ་བར་དུ་དེ་ཚོ་གཅིག་ཀྱང་ཡོད་པ་མ་རེད་ཅེས་ལབ་ཆོག་པ་ཞིག་རེད། གཞུང་འབྲེལ་ཐོག་ནས་སློབ་སྦྱོང་གི་བརྒྱུད་རིམ་དང་། ཆོས་རིགས་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་དབུ་མའི་བགྲོ་གླེང། ཕར་ཕྱིན་བགྲོ་གླེང། ཆོས་ལུགས་ཀྱི་ཚོགས་ཆེན་སོགས་ཀྱི་ཐོག་ཇོ་ནང་པ་ཞུགས་ཆོག་གི་མ་རེད། ད་ལོ་དམིགས་བསལ་བྱས་ནས། ཕར་ཕྱིན་གྱི་བགྲོ་གླེང་ཞིག་གི་ཐོག་དགོན་པའི་སྐུ་ཚབ་ཅིག་སྐད་བཏང་རེད་མོད། ཇོ་ནང་གི་ལྟ་གྲུབ་དང་། ཇོ་ནང་གི་ཕར་ཕྱིན་གྱི་བཞེད་མཚམས་གཅིག་ཀྱང་བཤད་ས་ཡོད་པ་མ་རེད། ཆོས་དོན་ལས་ཁུངས་ཀྱི་ཁྲིམས་ཡིག་གི་ནང་སྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས། བོན་པོ་དང་བཅས་པར་ཁྱབ་ཀྱི་ཡོད་པ་ལས། ཇོ་ནང་ལ་ཁྱབ་ཀྱི་ཡོད་པ་མ་རེད། དེའི་རིགས་དགོས་ཀྱི་ཡོད་ཟེར་བ་ལས། གྲོས་ཚོགས་ནང་སྤྱི་འཐུས་དགོས་ཟེར་བ་དེ་ཆུང་ཆུང་ཞིག་རེད། ང་སྒེར་ལ་མཚོན་ན་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཡིན། འདས་པའི་ཉམ་མྱོང་ལ་གཞིར་བཟུང་ན། དེའི་ཐོག་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། ཆོས་བརྒྱུད་སྤྱི་འཐུས་ཀྱིས་ཇོ་ནང་ལ་གང་ཡང་བྱེད་ཐུབ་ཀྱི་མ་རེད། ང་ཚོས་ཆོས་བརྒྱུད་གཞན་པར་ཐོབ་ཐང་གང་ཡོད་པ་དེ་རྩོད་ཀྱི་ཡོད་པ་རེད། གྲོས་ཚོགས་ནང་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་རེད། བཅའ་ཁྲིམས་ནང་ཇོ་ནང་པའི་ཐ་སྙད་དེ་མེད་ན། བཅའ་ཁྲིམས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་སྒྲིག་གཞི་གཅིག་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། དེར་བརྟེན་དེ་ཚོར་གྲོས་ཚོགས་ནང་འགྱུར་བ་དགོས་པ་ལས། ཇོ་ནང་ལ་སྤྱི་འཐུས་གཉིས་ཀྱི་རྐུབ་བཀྱགས་དགོས་ཞེས་དུས་ནམ་ཡང་ལབ་ཀྱི་ཡོད་པ་མ་རེད་”ཅེས་བརྗོད་སོང་།
གྲོས་ཚོགས་ནང་ཐག་གཅོད་དེ་མ་བྱུང་བ་ཇོ་ནང་པ་ཆོས་བརྒྱུད་ཅིག་མ་རེད་ཟེར་གྱི་ཡོད་པ་རེད། དེའི་ཐོག་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར། ཁོང་གིས། “དེ་གསལ་པོ་ཆགས་ཚར་རེད། ཆོས་ལུགས་ཚོགས་ཆེན་ཐེངས་༡༡ པའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད། དེ་རྗེས་ས་སྐྱ་གོང་མ་དང་། དགའ་ལྡན་ཁྲི་པ། ཆོས་བརྒྱུད་ཁག་གི་དབུ་འཛིན་སུམ་བཅུ་ལྷག་གི་ཚོགས་ཆེན་ཐོག་ཇོ་ནང་ཟེར་བ་དེ་ཆོས་བརྒྱུད་ཀྱི་ཆ་ནས། ལྟ་གྲུབ་ཀྱི་ཆ་ནས། རང་རྐང་ཚུགས་པ་ཞིག་རེད་ཅེས་གྲོས་ཆོད་བཞག་ཡོད་རེད། དེ་བཞིན་ཉེ་ཆར་༧གོང་ས་མཆོག་གིས་བཀའ་ཡིག་ཞིག་ང་ཚོར་གནང་བའི་ནང་ཆོས་བརྒྱུད་ཆེན་པོ་འདི་ལ་དབུ་འཛིན་བསྐོས་པ་དང་། མ་དགོན་ལ་མཐུན་རྐྱེན་གནང་བ་སོགས་འཁོད་ཡོད་རེད། དེར་བརྟེན་ཆོས་བརྒྱུད་ཅིག་ཆགས་བསྡད་ཡོད་པ་ལས། དེ་དཀའ་ངལ་མཐོང་གི་མེད་”ཅེས་བརྗོད་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།
ལོ་སྔོན་མའི་གྲོས་ཚོགས་སྒོ་རུ་ངོ་རྒོལ་ཞི་འབོད་སྐབས་ཀྱི་དགོས་འདུན། གནས་ཚུལ་སྔོན་སོང་།གནས་ཚུལ།
༡ གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོས་ལོ་ངོ་བཅོ་བརྒྱད་ལྷག་རིང་སྙན་ཞུ་བརྒྱ་ཕྲག་ ལྷག་ཕུལ་བ་རྩིས་མེད་བཏང་དགོས་དོན་ཅི་ཡིན་གསལ་བཤད་བྱ་དགོས།
༢ ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོའི་གཙོས་ཆོས་བརྒྱུད་སྤྱི་འཐུས་ རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ ཡིག་ཆ། དེ་བཞིན་དུ་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ ཡིན་གསལ་བཤད་བྱ་དགོས།
༣ ཐེངས་འདིའི་གྲོས་ཚོགས་སྟེང་དྲང་བདེན་མིན་པའི་ཐག་གཅོད་ལ་ངོས་ལེན་མེད་པར་མ་ ཟད། བགྲོ་གླེང་ཙམ་ཡང་མ་བྱས་པའི་དགོངས་དོན་ཅི་ཡིན་གསལ་བཤད་བྱ་དགོས།
༤ སྐབས་བཅུ་དྲུག་པའི་འོས་བསྡུའི་ལས་རིམ་འགོ་འཛུགས་མ་གནང་བའི་སྔོན་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་ཐག་གཅོད་གནང་དགོས། དོན་ཚན་བཞི་པོར་ཡ་ལན་ཁ་གསལ་མ་བྱུང་བར་དུ། གྲོས་ཚོགས་སྒོ་རུ་ཞི་རྒོལ་འདི་མཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན་ཞེས་བསྒྲགས་འདུག