ཉི་ཧོང་གི་གཞུང་འཛིན་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཆེན་པོ་ཐོབ་འདུག 

ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་གཞུང་འཛིན་སྲིད་དོན་ཚོགས་པར་རྒྱལ་ཁ་ཤིན་ཏུ་ཆེན་པོ་ཐོབ་ནས། གཞུང་འཛིན་བྱེད་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ལས་མང་བ་ཐོབ་འདུག དེ་ལ་བརྟེན་ནས་ཉི་ཧོང་གི་མ་རྐང་ཁྲོམ་རའི་རིན་གོང་ཡང་འཕར་ཡོད་པ་རེད་འདུག 

ཟླ་༡༠ པའི་ཚེས་༣༡ ཉིན་ཉི་ཧོང་མི་མང་གིས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་འོས་འཕེན་བྱས་འདུག་པ་དང་། འོས་བསྡུའི་སྔོན་ནས་གཞུང་འཛིན་མང་གཙོ་གུ་ཡངས་སྲིད་དོན་ཚོགས་པ་དང་དེའི་མཐུན་ཕྱོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་ཟླ་སྒྲིལ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ཀྱང་། འོས་བསྡུའི་གྲུབ་དོན་དུ་ཚོད་དཔག་གི་ཚད་ལས་བརྒལ་ནས། མང་གཙོ་གུ་ཡངས་སྲིད་དོན་ཚོགས་པ་གཅིག་པུར་གྲོས་ཚོགས་ནང་རྐུབ་སྟེགས་༢༦༡ ཐོབ་འདུག་པས། གཞུང་འཛིན་བྱེད་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ཀྱི་ཚད་གཞི་༢༣༣ ལས་མང་བ་ཐོབ་འདུག དེ་འདྲ་སོང་ཙང་སྲིད་དོན་ཚོགས་པ་དེ་རྐྱང་པས་གཞུང་འཛིན་བྱེད་པའི་དབང་ཚད་ཐོབ་ཡོད་འདུག དེ་བཞིན་གཞུང་འཛིན་སྲིད་དོན་ཚོགས་པ་དེའི་མཐུན་ཕྱོགས་ཀྱི་སྲིད་དོན་ཚོགས་པ་ལ་ཡང་རྐུབ་སྟེགས་༣༢ ཐོབ་འདུག་པས། གྲོས་ཚོགས་ནང་གི་རྐུབ་སྟེགས་གྲངས་༤༦༥ ནས་གཞུང་འཛིན་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་སྲིད་དོན་ཚོགས་པར་ཁྱོན་བསྡོམས་རྐུབ་སྟེགས་གྲངས་༢༩༣ ཐོབ་འདུག་པས། རྒྱལ་ཁ་ཤིན་ཏུ་ཆེན་པོ་ཐོབ་ཡོད་པ་རེད་འདུག 

གཞུང་འཛིན་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་སྲིད་བློན་ཧྥུ་མཱི་ཡོ་ཀཱི་ཤི་ཌ་ཡིས་སྲིད་བློན་ལས་ཁུར་མུ་མཐུད་བྱེད་རྒྱུ་རེད་འདུག  དེ་ཡང་ཟླ་༩ པའི་ཚེས་༢༩ ཉིན་ཉི་ཧོང་གི་གཞུང་འཛིན་སྲིད་དོན་ཚོགས་པ་མང་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་འོས་བསྡུ་བྱས་ཡོད་པ་རེད། སྐབས་དེའི་ལས་ཁུར་སྲིད་བློན་ཡཱོ་ཤི་ཧི་ཌེ་སུ་གྷ་ཡིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ལ་དོ་སྣང་སྤྲོད་ཆེད་དུ། མང་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་འོས་འགྲན་ནང་ཞུགས་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག་པས། སྲིད་བློན་ལས་གནས་ནས་རྩ་དགོངས་ཞུས་པ་ཆགས་ཀྱི་འདུག སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱི་འོས་བསྡུའི་སྔོན་དུ་མང་ཚོགས་ཁྲོད་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཀྱི་བློན་ཆེན་དང་དེ་སྔོན་བདེ་སྲུང་བློན་ཆེན་བྱེད་མྱོང་བའི་སྐུ་ཞབས་ཊ་རུ་ཀཱོ་ནཱོ་ལ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་ཆེན་པོ་བྱས་ཡོད་ཀྱང་། འོས་བསྡུའི་གྲུབ་དོན་དུ་ཕྱི་སྲིད་བློན་ཆེན་ཟུར་པ་རང་ལོ་༦༤ ཡིན་མཁན་སྐུ་ཞབས་ཧྥུ་མཱི་ཡོ་ཀཱི་ཤི་ཌ་(Fumio Kishida) ལ་རྒྱལ་ཁ་ཐོབ་ནས་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད། ཁོང་གིས་སྲིད་བློན་ལས་ཁུར་བྱས་ནས་ཟླ་བ་གཅིག་ཙམ་སོང་རྗེས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ནས་རྒྱལ་ཁ་ཐོབ་པ་བྱུང་འདུག 

འོས་བསྡུའི་སྔོན་དུ་སྲིད་བློན་ཁོང་གིས་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཉི་ཧོང་གི་དཔལ་འབྱོར་ཉམས་རྒུད་སོང་བ་དེ་བསྐྱར་གསོ་བྱེད་ཆེད་དུ། ཉི་ཧོང་གི་སྒོར་མོ་ཁྲག་ཁྲིག་མང་པོ་འགྲོ་སོང་གཏོང་རྒྱུ་ཁས་ལེན་བྱས་འདུག་པས། ཐེངས་འདིར་ཁོང་གི་སྲིད་དོན་ཚོགས་པ་རྒྱལ་ཁ་ཆེན་མོ་ཐོབ་པ་དང་བསྟུན། ཉི་ཧོང་གི་མ་རྐང་ཁྲོམ་རར་ཡང་རིན་གོང་འཕར་ནས་མ་འཛུགས་བྱེད་མཁན་ཚོས་རེ་བ་བཟང་པོ་རྒྱག་བཞིན་པའི་རྣམ་པ་གསལ་པོ་ཐོན་འདུག 

སྤྱིར་བཏང་སྲིད་བློན་ཁོང་ནི་སྲིད་དོན་པའི་ཁྱིམ་ཚང་ཞིག་ནས་ཡིན་པ་དང་། ཁོང་གི་ཕ་དང་སྤོ་སྤོ་གཉིས་ཀ་རྒྱལ་ཁབ་གྲོས་ཚོགས་མི་སྣ་བྱེད་མྱོང་ཡོད་འདུག ཁོང་གིས་ཕྱི་ལོ་༢༠༡༢ ནས་༢༠༡༧ བར་ཕྱི་སྲིད་བློན་ཆེན་བྱས་པས། ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་རྒྱུན་རིང་ཤོས་བྱེད་མཁན་ཆགས་འདུག ཁོང་གི་སྐྱེས་ཡུལ་ནི་ཧཱི་རོ་ཤི་མཱ་ཡིན་པས། གྲོང་ཁྱེར་དེར་དམག་ཆེན་གཉིས་པའི་སྐབས་ཨ་རིས་རྡུལ་མཚོན་འཕངས་ནས་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་བཏང་ཡོད་ཁར། རྡུལ་མཚོན་གྱི་ཤུགས་རྐྱེན་ད་དུང་ཡང་ཁུལ་དེར་ལྷག་ཡོད་པས། ཁོང་གིས་རྡུལ་མཚོན་ལ་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་ཁར། ཕྱི་ལོ་༢༠༡༦ ལོར་ཨ་རིའི་སྲིད་འཛིན་ཨཱོ་བྷ་མ་ཧཱི་རོ་ཤི་མཱར་སྐོར་སྐྱོད་ཡོང་རྒྱུར་གོ་སྒྲིག་བྱེད་མཁན་གཙོ་བོ་དེ་ཡིན་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་ལས་ཁུར་ཞིག་ཁུལ་དེར་སླེབས་པ་ཐོག་མ་དེ་ཆགས་འདུག ཁོང་གིས་ཉི་ཧོང་ནང་དུ་ཏོག་དབྱིབས་ནད་དུག་འཐབ་རྒོལ་ཆེད་དུ་འཕྲོད་བསྟེན་གྱི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་མཁན་གྱི་ལས་ཁང་ཞིག་འཛུགས་རྒྱུ་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་པའི་གྲོས་ཆོད་འཇོག་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།