ཉི་ཧོང་གི་སྲིད་བློན་ལས་གནས་ནས་དགོངས་པ་ཞུ་འཆར་འདུག 

ཉི་ཧོང་གི་སྲིད་བློན་ལས་གནས་སུ་ཞུགས་ནས་ལོ་གཅིག་ལྷག་འཁོར་གྱི་ཡོད་པའི་ཡཱོ་ཤི་ཧི་ཌེ་སུ་གྷ་ལ་མང་ཚོགས་ཁྲོད་རྒྱབ་སྐྱོར་ཤུགས་ཆུང་དུ་ཕྱིན་ཡོད་པས། གཞུང་འཛིན་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་འོས་འགྲན་ནང་ཞུགས་རྒྱུ་མིན་པས། སྲིད་བློན་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པ་རེད། 

ཉི་ཧོང་གི་སྲིད་བློན་ལས་གནས་སུ་ཞུགས་ནས་ལོ་གཅིག་ལྷག་འཁོར་གྱི་ཡོད་པའི་ཡཱོ་ཤི་ཧི་ཌེ་སུ་གྷ་ལ་མང་ཚོགས་ཁྲོད་རྒྱབ་སྐྱོར་ཤུགས་ཆུང་དུ་ཕྱིན་ཡོད་པས། གཞུང་འཛིན་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་འོས་འགྲན་ནང་ཞུགས་རྒྱུ་མིན་པས། སྲིད་བློན་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པ་རེད། 

ཟླ་༩ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༢༩ ཉིན་ཉི་ཧོང་གི་གཞུང་འཛིན་སྲིད་དོན་ཚོགས་པ་མང་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་གསར་འདེམས་བྱེད་རྒྱུ་ཡིན་འདུག་པ་དང་། གྲོས་ཚོགས་ནང་སྲིད་དོན་ཚོགས་པ་དེར་རྐུབ་སྟེགས་མང་མོས་ཡོད་པས་ཚོགས་པ་དེའི་འགོ་ཁྲིད་སུ་ལ་ཐོབ་ཀྱང་རྒྱལ་ཁབ་ཀྱི་སྲིད་བློན་ཆགས་རྒྱུ་ཡིན་པ་ངེས་གཏན་རེད་འདུག འོན་ཀྱང་ད་ཡོད་ལས་ཁུར་སྲིད་བློན་སྐུ་ཞབས་ཡཱོ་ཤི་ཧི་ཌེ་སུ་གྷ་ཡིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ལ་དོ་སྣང་སྤྲོད་ཆེད་དུ། མང་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་འོས་འགྲན་ནང་ཞུགས་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག་པས། སྲིད་བློན་ལས་གནས་ནས་རྩ་དགོངས་ཞུས་པ་ཆགས་ཀྱི་འདུག 

ཕྱི་ལོ་༢༠༢༠ ལོའི་ཟླ་༨ པའི་ཟླ་མཇུག་ཏུ་ཉི་ཧོང་གི་སྲིད་བློན་རྒྱུན་རིང་ཤོས་བྱེད་མཁན་ཤཱིན་ཛོ་ཨཱ་བྷི་ན་ཚའི་རྐྱེན་གྱིས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད། སྐབས་དེར་གཞུང་འཛིན་སྲིད་དོན་ཚོགས་པས་མང་ཚོགས་ལ་སྲིད་བློན་ཨཱ་བྷི་སྐབས་ཀྱི་བརྟན་ལྷིངས་རྒྱུན་མཐུད་ཀྱི་ཡོད་པའི་རྣམ་པ་སྟོན་ཆེད་དུ། ཁོང་དང་ལྟ་བ་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་བྱེད་མཁན་དང་ལོ་མང་ལས་ཀ་མཉམ་དུ་བྱེད་མྱོང་མཁན་ཡཱོ་ཤི་ཧི་ཌེ་སུ་གྷ་ལ། ཚོགས་པ་དེའི་སྐུ་ཚབ་༥༣༤ ཁོངས་ནས་མི་གྲངས་༣༧༧ ཡིས་འོས་ཤོག་འཕངས་ནས་འགོ་ཁྲིད་དུ་བདམས་ཡོད་པ་དང་། སྲིད་བློན་དུ་བསྐོ་གཞག་བྱུང་ཡོད་པ་རེད།

ད་བར་ཁོང་གི་སྲིད་བློན་ལས་ཡུན་ལོ་གཅིག་ཙམ་གྱི་སྐབས་སུ། ཉི་ཧོང་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཚབས་ཆེན་ཆགས་ཡོད་པ་དང་། དེ་བཞིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཀྱོ་ནང་དུ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་རྒྱུར་མི་མང་ནས་རྒྱབ་སྐྱོར་ཆེན་པོ་མེད་པ་དང་འཕྲོད་བསྟེན་ཆེད་ལས་པ་ཚོས་ཉེན་བརྡ་བཏང་ཡོད་ཀྱང་། རྩེད་འགྲན་གོ་སྒྲིག་བྱས་པ་སོགས་ལ་བརྟེན་ནས་བསམ་ཚུལ་བསྡུ་ལེན་ཁག་གི་གྲུབ་དོན་དུ། མང་ཚོགས་ནང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་ཐོན་འདུག ཁོང་ནི་ཞིང་པའི་ཕྲུ་གུ་ཡིན་འདུག་པ་དང་། སྲིད་དོན་ཁོར་ཡུག་ནང་རྒྱབ་རྟེན་གང་ཡང་མེད་པའི་ཐོག་ནས་ཡར་སླེབས་པ་ཡིན་འདུག 

ལོ་འདིའི་ལོ་མཇུག་ཏུ་ཉི་ཧོང་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་གོ་སྒྲིག་བྱེད་འཆར་འདུག་པ་དང་། སྐབས་དེར་མང་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཤུགས་རྐྱེན་ལྡན་པ་ཞིག་དགོས་རྒྱུ་གལ་ཆེན་ཆགས་ཡོད་འདུག 

ཉི་ཧོང་གི་མང་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་འོས་བསྡུ་དང་ལོ་མཇུག་གི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་གཉིས་ཀྱི་གྲུབ་དོན་ལ། ཉི་ཧོང་ནང་དུ་གཞུང་གསར་པ་འཇོན་ཐང་ལྡན་པ་ཞིག་ཡོང་བའི་རེ་བ་དང་བསྟུན་ནས། བདུན་ཕྲག་འདིའི་ནང་ཉི་ཧོང་གི་མ་རྐང་ཁྲོམ་རའི་རིན་གོང་འཕར་བཞིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།