ཉི་ཧོང་གི་ཧེ་རོ་ཞི་མའི་རྡུལ་ཕྲན་དུས་དྲན་ཐེངས་༦༩ པ་སྲུང་བརྩི།
ཕྱི་ལོ་༡༩༤༥ ཟླ་༨ ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ དང་སྐར་མ་༡༥ ཐོག་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཞི་མ་(Hiroshima) རུ་ཨ་རིས་རྡུལ་ཕྲན་མཚོན་ཆ་གཡུགས་ཏེ། ཉི་ཧོང་གིས་སྔོན་ཚུད་ནས་འཛམ་གླིང་འཁྲུག་ཆེན་གཉིས་པར་ཕམ་ཉེས་བྱུང་བའི་ཁྱབ་བསྒྲགས་བྱས་དགོས་བྱུང་ཡོད་པ་དང་།
ཕྱི་ལོ་༡༩༤༥ ཟླ་༨ ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ དང་སྐར་མ་༡༥ ཐོག་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཞི་མ་(Hiroshima) རུ་ཨ་རིས་རྡུལ་ཕྲན་མཚོན་ཆ་གཡུགས་ཏེ། ཉི་ཧོང་གིས་སྔོན་ཚུད་ནས་འཛམ་གླིང་འཁྲུག་ཆེན་གཉིས་པར་ཕམ་ཉེས་བྱུང་བའི་ཁྱབ་བསྒྲགས་བྱས་དགོས་བྱུང་ཡོད་པ་དང་། ཉིན་མོ་འདི་ནི་ཧེ་རོ་ཞི་མར་མཚོན་ན་ཆེས་ན་ཟུག་ཅན་གྱི་ཉིན་མོ་ཞིག་ཡིན་ཞིང་། འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ལོ་རྟག་པར་ཉིན་མོ་འདིར་“རྡུལ་ཕྲན་གོ་མཚོན་གྱི་གནོད་འཚེ་ཕོག་ཡུལ་རྣམས་རྗེས་དྲན་དང་ཞི་བདེའི་སྨོན་འདུན་གྱི་མཛད་སྒོ་”འཚོགས་ཏེ། རྡུལ་ཕྲན་གོ་མཚོན་མེད་པའི་ཞི་བདེའི་འཛམ་གླིང་ཞིག་མངོན་འགྱུར་ཡོང་ཐབས་ལ་བརྩོན་བཞིན་པ་དང་། ད་ལོའི་དུས་དྲན་ཐེངས་༦༩ པ་སྲུང་བརྩི་བྱས་ཡོད་འདུག
ཉི་ཧོང་གི་སྲིད་བློན་ཨ་བྷི་(Abe) གཙོས་པའི་བཀའ་བློན་རྣམ་པ་དང་གྲོས་ཚོགས་ཀྱི་ཚོགས་གཙོ། ཁྲིམས་ཞིབ་པ། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱི་སྐུ་ཚབ། དེ་བཞིན་ཧེ་རོ་ཞི་མའི་མི་མང་བཅས་ཁྱོན་མི་གྲངས་ཁྲི་༤ དང་སྟོང་༥ ཙམ་གྱིས་ཆར་པ་ལ་མ་འཛེམས་པར། རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༨ དང་སྐར་མ་༡༥ ཐོག་འགོ་འཛུགས་བྱས་པའི་དུས་དྲན་མཛད་སྒོའི་སྟེང་མཉམ་ཞུགས་བྱས་ཡོད་པ་རེད།
ཧེ་རོ་ཞི་མའི་གྲོང་ཁྱེར་སྤྱི་ཁྱབ་སུང་ཅི་དབྱི་ཧྲི་ཡིས་སྤེལ་པའི་གཏམ་བཤད་ནང་། ཉི་ཧོང་སྲིད་གཞུང་གིས་གཙིགས་སུ་འཛིན་ཏེ་ཁས་ལེན་བྱས་པའི་རྩ་ཁྲིམས་ཀྱི་ལངས་ཕྱོགས་དང་ཞི་བདེའི་རིང་ལུགས་ཀྱི་རྨང་གཞི་འོག འདས་པའི་མི་ལོ་༦༩ ནང་དམག་འཁྲུག་བྱུང་མེད་པའི་དོན་དངོས་ལ་གཞིགས་ཏེ། མ་འོངས་པར་མུ་མཐུད་དུ་ཞི་བདེའི་རྒྱལ་ཁབ་ཅིག་གི་ལམ་བུར་བསྐྱོད་ཐུབ་པའི་རེ་བ་ཡོད་ཅེས་དང་། ཁོང་གིས་རྡུལ་ཕྲན་མཚོན་ཆ་ནི་མི་མང་གི་ཚེ་སྲོག་འཕྲོག་པའི་ཆེས་གདུག་རྩུབ་ཅན་གྱི་དངོས་པོ་ཞིག་ཡིན་པ་དང་། སྲིད་གཞུང་དང་ཧེ་རོ་ཞི་མའི་གནོད་འཚེ་ཕོག་ཡུལ་རྣམས་ཀྱིས་མཉམ་དུ་རྡུལ་ཕྲན་མེད་པའི་འཛུགས་སྐྲུན་གྱི་ཕྱོགས་ལ་བསམ་བློ་བཏང་སྟེ། འཐབ་འཁྲུག་མེད་པའི་ཞི་བདེའི་འཛམ་གླིང་གི་ཆེད་ང་ཚོས་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་བརྗོད་འདུག
འོན་ཀྱང་། སུང་ཅི་དབྱི་ཧྲི་ཡིས་ཐད་ཀར་སྲིད་བློན་ཨ་བྷི་ཡི་སྲིད་གཞུང་གིས་བཀག་རྒྱ་ལྷོད་པའི་ཐུན་མོང་རང་སྲུང་གི་ཐོབ་ཐང་གནད་དོན་སྐོར་བཤད་མེད་ཅིང་། ཉི་ཧོང་སྤྱི་ཚོགས་སུ་ཐུན་མོང་རང་སྲུང་གི་ཐོབ་ཐང་ལ་ངོ་རྒོལ་གྱི་བསམ་ཚུལ་ཤུགས་ཆེན་པོ་ཡོད་པ་དང་། ཧེ་རོ་ཞི་མའི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ད་ལོའི་གཏམ་བཤད་ནང་བསམ་ཚུལ་དེའི་སྐོར་བརྗོད་མིན་ཐད། ཉི་ཧོང་གི་ཕྱི་ནང་གཉིས་ནས་དོ་སྣང་བྱས་ཡོད་འདུག
དེའི་རྗེས་སུ་སྲིད་བློན་ཨ་བྷི་ཡི་གཏམ་བཤད་སྐབས། ཉི་ཧོང་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཕོག་མྱོང་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང་། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་མངོན་འགྱུར་ཡོང་བར་ཁ་ཚ་དགོས་གཏུག་གི་འགན་འཁྲི་ཡོད་པ་མ་ཟད། ལོ་རྗེས་མ་ནི་ཧེ་རོ་ཞི་མར་གོད་ཆག་བྱུང་སྟེ་མི་ལོ་༧༠ འཁོར་བའི་དུས་དྲན་ཡིན་ཞིང་། ཉི་ཧོང་རྡུལ་ཕྲན་མེད་པའི་འཛམ་གླིང་ཞིག་མངོན་འགྱུར་ཡོང་བའི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
མི་ལོ་༦༩ སྔོན་གྱི་རྡུལ་ཕྲན་མཚོན་ཆ་ལ་བརྟེན་ནས་ཧེ་རོ་ཞི་མའི་གནོད་འཚེ་ཕོག་ཡུལ་ཧ་ཅང་མང་པོ་ཞིག་ག་ལེར་འདས་གྲོངས་སུ་གྱུར་བཞིན་པ་དང་། ལོ་ལྟར་དུས་དྲན་མཛད་སྒོའི་སྟེང་ཧེ་རོ་ཞི་མའི་སྲིད་གཞུང་གིས་བསྡོམས་པའི་མིའི་ཤི་གྲངས་གསར་ཤོས་དེ་ཁྱབ་བསྒྲགས་བྱེད་སྲོལ་ཡོད་པ་བཞིན། ད་ལོའི་གསལ་བསྒྲགས་ནང་ན་ནིང་ལོ་གཅིག་གི་ནང་མི་ཁྱོན་༥༥༠༧ རྐྱེན་ལམ་དུ་སོང་ཡོད་ཅིང་། ཧེ་རོ་ཞི་མའི་རྡུལ་ཕྲན་མཚོན་ཆའི་ཤི་གྲངས་ཀྱི་མིང་ཐོ་ནང་མི་གྲངས་ཁྲི་༢༩ དང་སྟོང་༢༣༢༥ ཙམ་སླེབས་ཡོད་འདུག།