ཉི་ཧོང་གིས་དམག་གྲུ་ཞིག་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་མཚོ་འགག་ནས་བཏང་ཡོད་འདུག
ད་ཆར་ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོ། ཞི་བདེ་རྒྱ་མཚོ་བཅས་ཀྱི་མངའ་ཁུལ་ནང་རྒྱ་ནག་གི་དབང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་ཡོད་འདུག
ཕྱི་ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ལྷག་པའི་ཉིན་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་དུ། ཉི་ཧོང་གི་དམག་གྲུ་ཞིག་གིས་ཐའེ་ཝན་དང་རྒྱ་ནག་གི་བར་གྱི་ཐའེ་ཝན་མཚོ་འགག་བརྒྱུད་ནས་ཐེངས་དང་པོར་འགྲུལ་བཞུད་བྱས་པའི་གནས་ཚུལ་ཞིག་ཐོན་ཡོད་འདུག དེ་ཡང་JS Sazanami ཞེས་པའི་དམག་གྲུ་དེ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་མཚོ་འགག་བརྒྱུད་ནས་འགྲུལ་བཞུད་བྱས་ཡོད་འདུག་པ་དང་། སྐབས་དེར་ཨོ་སི་ཁྲུ་ལི་ཡ་དང་ནིའུ་ཛི་ལན་གྱི་གྲུ་གཟིངས་ཁག་གིས་མཉམ་འགྲོགས་བྱས་ཡོད་འདུག
ཉི་ཧོང་གི་བློན་ཆེན་ཚོས་བརྗོད་པ་ལྟར་ན། གྲུ་གཟིངས་དེ་ནི་ལྷོ་རྒྱ་མཚོའི་ནང་དུ་དམག་གི་སྦྱོང་བརྡར་ཞིག་ལ་ཞུགས་རྒྱུའི་ལམ་བར་དུ་ཡོད་པ་རེད་ཅེས་བརྗོད་འདུག་ལ། འདི་ནི་ཉི་ཧོང་གི་ངོས་ནས་གལ་ཆེའི་གོམ་སྟབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཉི་ཧོང་དང་། ཐའེ་ཝན། རྒྱ་ནག་བཅས་ཀྱིས་མཚོ་འགག་བརྒྱུད་ནས་འགྲུལ་བཞུད་བྱས་པའི་སྐོར་ལ་གཞུང་འབྲེལ་གྱིས་བསམ་ཚུལ་གང་ཡང་བཏོན་མི་འདུག་ལ། རྒྱ་ནག་སེམས་ཁྲལ་མི་སློང་བའི་ཆེད་དུ་ཉི་ཧོང་གིས་མཚོ་འགག་དེའི་བརྒྱུད་ནས་གྲུ་གཟིངས་གཏོང་རྒྱུའི་སྐོར་གཞུང་འབྲེལ་གྱི་གསལ་བསྒྲགས་གང་ཡོད་བྱས་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་ཚགས་པར་གོ་ལའི་དུས་བབ་ཀྱིས་མིང་མ་བཏོན་པའི་འབྱུང་ཁུངས་ཤིག་ལུང་འདྲེན་བྱས་ཏེ། རྒྱ་ནག་གི་དམག་དཔུང་གིས་གྲུ་གཟིངས་དེ་དག་གི་འགྲུལ་བཞུད་ཡོངས་རྫོགས་ལ་རྗེས་འདེད་དང་ལྟ་ཞིབ་བྱས་ཡོད་པ་མ་ཟད། གནས་སྟངས་ཡོངས་རྫོགས་སྟངས་འཛིན་འོག་ཏུ་བཞག་ཡོད་ཅེས་བཤད་པ་བཀོད་ཡོད་འདུག ཨ་རི་དང་དེའི་མཉམ་འབྲེལ་རྒྱལ་ཁབ་ཚོས་སྤྱི་མཐུན་རྒྱ་མཚོའི་འགྲུལ་བཞུད་རང་དབང་ཡོད་པའི་ཐོབ་ཐང་སྒྲུབ་ཆེད་ཉེན་རྟོག་ལས་དོན་ཤུགས་ཆེ་རུ་བཏང་ཡོད་ཅེས་བརྗོད་ཡོད་འདུག
ཨ་རི་དང་ཐའེ་ཝན་གཉིས་ཀས་ཐའེ་ཝན་མཚོ་འགག་གི་རིང་ཚད་ཀི་ལོ་མི་ཊར་ ༡༨༠ ཡོད་པ་དེ་ནི་འཛམ་གླིང་གི་གྲུ་གཟིངས་འགྲོ་སའི་གལ་ཆེའི་འགྲིམ་འགྲུལ་དང་ཚོང་ལས་ཀྱི་ལམ་བུ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་མཚོ་ཁུལ་གྱི་ཆ་ཤས་ཡིན་པས་དམག་གྲུ་ཚང་མས་བེད་སྤྱོད་བྱེད་ཆོག་པ་ཞིག་ཡིན་པ་དང་། པེ་ཅིན་གྱིས་མཚོ་འགག་དེའི་བདག་དབང་དང་ཁྲིམས་ལུགས་ཀྱི་དབང་ཆ་ཡོད་ཚུལ་བརྗོད་པ་དེ་ལ་ལ་མོས་མཐུན་བྱེད་ཀྱི་མེད་ཅེས་བརྗོད་འདུག
ལོ་མང་རིང་ཨ་རིའི་ཞི་བདེ་རྒྱ་མཚོའི་དམག་དཔུང་གཅིག་པུས་མཚོ་འགག་དེ་བརྒྱུད་ནས་རྒྱུན་དུ་འགྲུལ་བཞུད་བྱེད་ཀྱི་ཡོད་འདུག་ལ། འོན་ཀྱང་ཉེ་ཆར་ཁེ་ན་ཌ་དང་ཨོ་སི་ཁྲུ་ལི་ཡ། དབྱིན་ཇི། ཧྥ་རན་སི་བཅས་ཀྱིས་མཉམ་ཞུགས་བྱས་ཡོད་འདུག བདུན་ཕྲག་གཉིས་ཀྱི་སྔོན་དུ་འཇར་མན་གྱིས་ལོ་མང་རིང་ཐེངས་དང་པོར་དམག་གྲུ་གཉིས་མཚོ་འགག་དེ་བརྒྱུད་ནས་བཏང་ཡོད་འདུག རྒྱ་ནག་གི་དམག་དཔུང་གིས་འཇར་མན་གྱིས་ཟླ་ ༩ ཚེས་ ༡༣ ཉིན་མཚོ་འགག་བརྒྱུད་ནས་འགྲུལ་བཞུད་བྱས་པ་དེས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་བཏང་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག
འོན་ཀྱང་བྷར་ལིན་གྱིས་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ཐོག་ནས་བྱས་པ་ཡིན་ཞེས་བཤད་ཡོད་འདུག དེ་ནི་ལོ་ངོ་ ༢༢ རིང་འཇར་མན་གྱི་དམག་གྲུས་མཚོ་འགག་བརྒྱུད་ནས་འགྲུལ་བཞུད་བྱས་པ་ཐེངས་དང་པོ་དེ་ཡིན་འདུག མཚོ་འགག་བརྒྱུད་ནས་འགྲུལ་བཞུད་བྱེད་པ་འདི་ནི་ཆབ་སྲིད་ཀྱི་རང་བཞིན་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། ཨ་རི་དང་དེའི་མཉམ་འབྲེལ་རྒྱལ་ཁབ་ཚོས་པེ་ཅིན་གྱི་བདག་དབང་ཐོབ་ཐང་ལ་ངོས་ལེན་མེད་པ་སྟོན་ཆེད་ཡིན་འདུག ཉི་ཧོང་གི་ཆ་ནས་བཤད་ནའང་། རྒྱ་ནག་ལ་ཐད་ཀར་འགྲན་སློང་མི་བྱེད་པའི་སྲིད་བྱུས་རིང་པོ་དེ་ནས་ཕྱིར་འཐེན་བྱས་པའི་གོམ་པ་གལ་ཆེན་གཞན་ཞིག་ཀྱང་ཆགས་ཡོད་འདུག ཕྱི་ཚེས་ ༢༨ ཉིན་ཉི་ཧོང་གི་སྲིད་བློན་ལས་ཁུངས་ཀྱི་དྲུང་ཆེས་མཚོ་དམག་གི་བྱེད་སྒོའི་ཞིབ་ཕྲ་ར་སྤྲོད་བྱས་མེད་ཀྱང་། ཁོང་གིས་རྒྱ་ནག་གི་དམག་དཔུང་གིས་དུས་ཚོད་ཐུང་ངུའི་ནང་བསྟུད་མར་མཁའ་དབྱིངས་བརྒལ་བར་བརྟེན་ཉི་ཧོང་ལ་ཉེན་ཁའི་ཚོར་བ་ཤུགས་ཆེན་པོ་བྱུང་ཡོད་པར་བརྗོད།
ཐའེ་ཝན་གྱིས་མཚོ་འགག་བརྒྱུད་ནས་འགྲོ་བའི་སྐོར་ལ་བསམ་ཚུལ་གང་ཡང་བཏོན་མི་འདུག འོན་ཀྱང་ཕྱི་ཚེས་ ༢༧ ཉིན་ཐའེ་ཝན་གྱི་སྲུང་སྐྱོབ་ལྷན་ཁང་གིས་གླིང་ཕྲན་གྱི་མཐའ་འཁོར་དུ་རྒྱ་ནག་གི་དམག་གི་གནམ་གྲུའི་གྲངས་འབོར་མང་དུ་འཕར་བ་མཐོང་བྱུང་ཞེས་བརྗོད་ཡོད་འདུག་ལ། ཨོ་སི་ཁྲུ་ལི་ཡའི་ La Trobe གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་དཔོན་(Bec Strating)བྷེག་སི་ཊ་ར་ཊིང་གིས་བརྗོད་དོན། ཉི་ཧོང་གིས་མཚོ་འགག་འགྲུལ་བཞུད་བྱས་པ་དེ་ནི་ཨེ་ཤ་ཡ་དང་ཨེ་ཤ་ཡའི་ཕྱི་རོལ་གྱི་རྒྱལ་ཁབ་ཚོས་རྒྱ་ནག་གི་མཚོ་ཁུལ་བདག་དབང་ལ་སེམས་འཚབ་བྱེད་པའི་རྣམ་པ་མངོན་གསལ་དོད་པོ་ཞིག་རེད། ལྷག་པར་དུ་ཉི་ཧོང་གིས་ཤར་རྒྱ་མཚོར་རྒྱ་ནག་གི་སྐྱ་མདོག་ས་ཁུལ་གྱི་ཐབས་བྱུས་དང་གདོང་ལེན་བྱེད་བཞིན་ཡོད་ཅེས་ཁོང་མོས་ AFP གསར་ཁང་ལ་བརྗོད་འདུག དཔྱད་ཞིབ་པ་ཚོས་བརྗོད་པ་ལྟར་ན། སྐྱ་མདོག་ས་ཁུལ་གྱི་དམག་འཐབ་ཐབས་བྱུས་ནི་དགྲ་བོ་ཞིག་གིས་དུས་ཡུན་རིང་པོའི་མཐར་ཉམས་དམས་སུ་གཏོང་རྒྱུར་དམིགས་པ་ཞིག་རེད་བརྗོད་འདུག
བདུན་ཕྲག་སྔོན་མར་པེ་ཅིན་གྱིས་ཐེངས་དང་པོར་གནམ་གྲུ་འཁྱེར་ཐུབ་པའི་གྲུ་ཆེན་ཞིག་ཐའེ་ཝན་ཉེ་འགྲམ་གྱི་ཉི་ཧོང་གི་གླིང་ཕྲན་གཉིས་ཀྱི་བར་དུ་བཏང་ཡོད་འདུག་པ་དང་། ཟླ་བ ༨ པའི་ནང་རྒྱ་ནག་གི་སོ་ལྟའི་གནམ་གྲུ་ཞིག་ཉི་ཧོང་གི་མཁའ་དབྱིངས་སུ་འཕུར་བས། ཉི་ཧོང་གཞུང་གིས་དེར་ཡོངས་སུ་ཁས་ལེན་མི་ཐུབ་པ་དང་མངའ་ཁུལ་ལ་ཚབས་ཆེའི་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་བྱས་ཡོད་འདུག
(Quad)ཚོགས་མིའི་རྒྱལ་ཁབ་རྣམས་ཏེ། ཉི་ཧོང་དང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར། ཨ་རི་བཅས་ཀྱིས་དབུ་ཁྲིད་རྣམས་ཀྱིས་བདུན་ཕྲག་སྔོན་མར་བརྗོད་དོན། ཁོང་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་བཙན་ཤུགས་ཇེ་ཆེར་འགྲོ་བཞིན་པར་གདོང་ལེན་བྱེད་ཆེད་མཚོ་ཁུལ་བདེ་འཇགས་ཐད་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པར་བརྗོད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།