ཉི་ཧོང་གིས་ཨ་ཧྥེ་རི་ཀའི་ནང་དུ་མ་འཛུགས་ཕོན་ཆེན་འཇོག་འཆར་འདུག
ཨ་ཧྥེ་རི་ཀ་གླིང་ཕྲན་ནང་དུ་རྒྱ་ནག་གིས་མ་འཛུགས་དང་བུན་གཡར། འཛུགས་སྐྲུན་སོགས་ཀྱི་ལས་གཞི་བརྒྱུད་ནས་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་ཡོད་པ་དང་བསྟུན། ཉི་ཧོང་གིས་ཀྱང་ཁུལ་དེར་མ་འཛུགས་ཕོན་ཆེན་འཇོག་རྒྱུ་ཁས་ལེན་བྱས་འདུག
ཟླ་༨ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཉི་ཧོང་གི་སྲིད་བློན་ཧྥུ་མཱི་ཡོ་ཀཱི་ཤི་ཌ་ཡིས་རྒྱལ་སྤྱིའི་ཊོག་ཡོ་ཨ་ཧྥེ་རི་ཀའི་འཛུགས་སྐྲུན་ལྷན་ཚོགས་ཐོག་ཏུ། འབྱུང་འགྱུར་གྱི་ལོ་གསུམ་ཡི་རིང་། ཉི་ཧོང་གིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ཏུ་ཨ་སྒོར་ཐེར་འབུམ་༣༠ ཡི་མ་འཛུགས་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་ཨ་ཧྤེ་རི་ཀའི་འཛུགས་སྐྲུན་དངུལ་ཁང་དང་མཉམ་ལས་ཀྱིས་ཁ་ལག་གི་བདེ་འཇགས་ཆེད་དུ་མ་འཛུགས་ཆུང་བ་ཞིག་འཇོག་རྒྱུ་ཁས་ལེན་བྱས་འདུག དེ་མིན་གླིང་ཕྲན་དེའི་རྒྱལ་ཁབ་ཁག་ཅིག་ཏུ་ཡང་མ་འཛུགས་གང་འདྲ་བྱེད་འཆར་ཡོད་མེད་ཐོག་ལ་གཏམ་བཤད་བྱས་འདུག
དེ་བཞིན་སྲིད་བློན་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ཁོངས་སུ། གླིང་ཕྲན་ཨ་ཧྥེ་རི་ཀའི་སྐུ་ཚབ་གཅིག་ཀྱང་མེད་པས། རྒྱལ་ཚོགས་ཀྱིས་ཞི་བདེ་དང་བརྟན་ལྷིངས་ཐོག་ཏུ་ཤུགས་རྐྱེན་ལྡན་པའི་ལས་དོན་སྤེལ་བར། བདེ་འཇགས་ལྷན་ཚོགས་ལ་ལེགས་བཅོས་མཐིལ་ཕྱིན་པ་ཞིག་གཏོང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག
དེ་ཡང་ཟླ་༦ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་སུ། ཕྱི་ལོ་༢༠༢༣ ནས་༢༠༢༤ བར་གཏན་འཇགས་མིན་པའི་ཚོགས་མི་ཁོངས་སུ་ཉི་ཧོང་འདེམས་ཐོན་བྱུང་འདུག་པས། དུས་སྐབས་དེའི་རིང་ཉི་ཧོང་ནས་ལས་གནས་དེ་བེད་སྤྱད་ནས་གླིང་ཕྲན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་གཅིག་གཏན་འཇགས་ཚོགས་མི་ཁོངས་སུ་འཇུག་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ད་ལྟའི་ཆར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་གཏན་འཇགས་ཚོགས་མི་ལྔ་ལས་མེད་པས། ཚོགས་མི་མང་དུ་གཏོང་དགོས་པའི་བསམ་ཚུལ་བརྗོད་མཁན་མང་པོ་ཡོད་འདུག
ཉི་ཧོང་གི་སྲིད་བློན་གྱིས་ཨ་ཧྥེ་རི་ཀ་ཁུལ་དུ་དྲང་བདེན་གྱི་འོས་བསྡུ་ཡོང་ཆེད་དུ་རྒྱབ་སྐྱོར་དང་། ཉེན་རྟོག་པར་སྦྱོང་བརྡར་སྤྲོད་རྒྱུ། དེ་བཞིན་ཁུལ་དེར་ཁྲིམས་ཀྱི་དབང་སྒྱུར་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།