ཉི་ཧོང་གྲོས་ཚོགས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་སྙན་ཐོ་ཕུལ་འདུག 

ཉི་ཧོང་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ཡིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་སྐོར་བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་ཞེས་པའི་འགོ་བརྗོད་འཁོད་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཕུལ་བ་དང་གཏམ་བཤད་གནང་ཡོད་པ་རེད། 

ཉི་ཧོང་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ཡིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་སྐོར་བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་ཞེས་པའི་འགོ་བརྗོད་འཁོད་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཕུལ་བ་དང་གཏམ་བཤད་གནང་ཡོད་པ་རེད། 

ཟླ་༨ པའི་ཚེས་༢༦ ཉིན་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། རྒྱ་ནག་གི་མང་གཙོ་བཅས་ལ་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་པ་ཁག་གི་གོ་སྒྲིག་འོག་ཉི་ཧོང་གི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཉན་ཞིབ་ཀྱི་ཚོགས་འདུ་འཚོགས་པ་དང་། སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་དང་། ཉི་ཧོང་བོད་རིགས་ཚོགས་པའི་སྐུ་ཚབ་བསྟན་འཛིན་ཀུན་དགའ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ཚེ་རིང་རྡོ་རྗེ་བཅས་མཉམ་ཞུགས་བྱས། 

ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དང་ལས་བྱེད་གྲངས་༤༠ ཙམ་ཉན་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་གནང་སྟེ་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཧ་ཅང་དོ་སྣང་ཆེན་པོའི་སྒོ་ནས་ཉན་ཞིབ་གནང་། 

 སྐབས་དེར་ཉི་ཧོང་གྲོས་ཚོགས་ཡུ་གུར་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥུ་རུ་ཡ་ཀེ་ཇི་(Furuya Keiji) ཡིས་ཉན་ཞིབ་དབུ་འབྱེད་དང་འབྲེལ། ས་ཕྱོགས་གང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་ན་དེར་བཟོད་བསྲན་བྱེད་མི་ཐུབ་པ་དང་། ཉི་ཧོང་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་རུབ་ཐོག་ཕྱག་ལས་གནང་སྟེ་གནད་དོན་འདིའི་ཐད་རྒྱ་ནག་ལ་ཉེན་བརྡ་དང་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག 

དེ་བཞིན་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) གྱིས། བོད་དོན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་གཉིས་ཉི་ཧོང་ནང་ཕེབས་ཏེ་ཉི་ཧོང་གི་གྲོས་ཚོགས་ཁང་དུ་བཀའ་སློབ་གསུང་བཤད་གནང་ཡོད། ཉི་ཧོང་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡོད་སྐོར་སོགས་གསུངས་ཡོད་འདུག 

དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་ཉན་ཞིབ་ཀྱི་ཚོགས་འདུ་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་ཞེས་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཕུལ་བ་དང་། སྙན་ཐོ་དེའི་ནང་ཉེ་ཆར་རྒྱ་ནག་གིས་བོད་མི་རྣམས་ལ་དྲག་གནོན་དང་མནར་གཅོད་བཏང་བའི་འདྲ་པར་དང་གནས་ཚུལ་རྣམས་འཁོད་ཡོད་ཁར། སྐབས་དེར་ཨརྱ་ཚེ་དབང་རྒྱལ་པོས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མཐོ་སྒང་དམག་ས་ལྟ་བུར་སྒྱུར་བཞིན་པ་དང་། བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་སྒོ་བརྒྱབ་པ། རྒྱ་གར་དང་འབྲུག་གི་ས་མཚམས་ཁུལ་དུ་བཙན་དབང་གིས་བོད་མི་རྣམས་གཞིས་ཆགས་བཅུག་པ་བཅས་ལ་བརྟེན་ནས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ། གཞན་ཡང་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བོད་ཀྱི་བྱིས་པ་རྣམས་ལ་དམག་སྦྱོང་སྤྲད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པ། བསམ་བློ་སྒྱུར་བཅོས་ཀྱི་སློབ་གསོ་སྤེལ་བཞིན་པ་སོགས་ཀྱི་སྐོར་གསུངས་འདུག 

ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ཀྱིས་སྟོན་ཁའི་གྲོས་ཚོགས་ཚོགས་སྐབས་ཐེངས་འདིའི་ཉན་ཞིབ་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།