ཉི་ཧོང་དང་ཐའེ་ཝན་གཉིས་ཀྱི་རྒྱལ་སྲུང་གི་ཚོགས་འདུ་ཐོག་མ་དེ་འཚོག་འཆར།

ཨེ་ཤི་ཡའི་ཤར་མཐའ་རུ་ཆགས་པའི་གླིང་ཕྲན་གྱི་རྒྱལ་ཁབ་གཉིས་ཏེ། ཉི་ཧོང་དང་ཐའེ་ཝན་གཉིས་ཀྱིས་རྒྱ་ནག་གི་ཉེན་ཁ་དང་བཙན་འཛུལ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་མིན་ཐད་ཀྱི་ཚོགས་འདུ་ཆེས་ཐོག་མ་དེ་འཚོགས་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་འདུག 

ཨེ་ཤི་ཡའི་ཤར་མཐའ་རུ་ཆགས་པའི་གླིང་ཕྲན་གྱི་རྒྱལ་ཁབ་གཉིས་ཏེ། ཉི་ཧོང་དང་ཐའེ་ཝན་གཉིས་ཀྱིས་རྒྱ་ནག་གི་ཉེན་ཁ་དང་བཙན་འཛུལ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་མིན་ཐད་ཀྱི་ཚོགས་འདུ་ཆེས་ཐོག་མ་དེ་འཚོགས་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་འདུག 

དེ་རིང་སྟེ་ཕྱི་ཟླ་༨ ཚེས་༡༩ ཉིན་ཉི་ཧོང་དང་ཐའེ་ཝན་གྱི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་གཞུང་འཛིན་མང་གཙོ་ཚོགས་པས་(LDP) ཐའེ་ཝན་གྱི་གཞུང་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པའི་(DPP) སྐུ་ཚབ་དང་ལྷན་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་འདུག་ཅིང་། དེ་ནི་ཉི་ཧོང་དང་ཐའེ་ཝན་གཉིས་ཀྱི་བར་དུ་སྲིད་གཞུང་གཉིས་ཀྱི་ངོ་བོའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་གླེང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག 

ཉི་ཧོང་དུས་བབ་གསར་ཁང་(Japan Times) ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་འབྲེལ་བའི་ཚོགས་འདུ་དེ་ཉི་ཧོང་གི་ཕྱོགས་ནས་རེ་སྐུལ་བྱས་ཏེ་སྐོང་འཚོགས་བྱས་པ་ཞིག་ཆགས་རྒྱུ་ཡིན་འདུག་ཅིང་། དེའི་ནང་དུ་ཉི་ཧོང་ཕྱི་སྲིད་ལས་དོན་ཚན་པའི་འགན་འཛིན་ས་ཐོ་(Sato Masahisa) དང་། རྒྱལ་སྲུང་ལས་དོན་ཚན་པའི་འགན་འཛིན་ཨོ་ཚོ་(Otsuka Taku) གཉིས་མཉམ་ཞུགས་བྱེད་འཆར་ཡོད་འདུག་ཀྱང་། ཐའེ་ཝན་གྱི་ཕྱོགས་ནས་སྐུ་ཚབ་སུ་ཞིག་མཉམ་ཞུགས་བྱེད་རྒྱུ་ཡིན་པ་ད་ལྟ་གཏན་འཁེལ་མི་འདུག 

ཨེ་ཤི་ཡའི་ཤར་མཐའི་རྒྱལ་ཁབ་གཉིས་ཀྱི་ཚོགས་འདུ་དེ་ཟླ་བ་འདི་རང་གི་ནང་དུ་དྲ་ཐོག་ནས་འཚོགས་འཆར་ཡོད་འདུག་ཅིང་། ཚོགས་འདུའི་ཐོག་ཏུ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཀྱི་གནད་དོན་དང་། རྒྱ་ནག་གི་བཙན་འཛུལ་ལ་གདོང་ལེན་བྱེད་ལུགས། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་གྲོས་བསྡུར་བྱེད་གཏན་འཁེལ་ཡོད་འདུག 

རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་རྒྱས་པ་དང་ལྷན་དུ། ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཧམ་བཤད་ངོམ་པ་དང་། ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་འཇིགས་སྐུལ་ཆེ་རུ་གཏོང་བཞིན་པར་བརྟེན། ཉི་ཧོང་གིས་རྒྱ་ནག་གི་ཉེན་ཁ་ལ་སེམས་འཚབ་ཆེན་པོ་བྱས་ཏེ་དེ་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག

ཟླ་གོང་མར་བཏོན་པའི་ཉི་ཧོང་གི་ལོ་འཁོར་རྒྱལ་སྲུང་སྙན་ཐོ་(Defense of Japan white paper) གསར་ཤོས་ནང་། ཉི་ཧོང་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་དང་ཐའེ་ཝན་གཉིས་དབྱེ་བ་ཕྱེ་ནས་རྒྱ་ནག་གི་ས་ཁྲ་ནས་ཐའེ་ཝན་ཐེངས་དང་པོར་མར་བླངས་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *