ཉི་ཧོང་ནང་དུ་བོད་དང་ཡུ་གུར། ལྷོ་སོག་བཅས་དང་འབྲེལ་བའི་གྲོས་ཚོགས་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུག
རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡག་རོལ་གཏོང་བཞིན་པར་ཉམས་ཞིབ་དང་ལས་དོན་སྤེལ་ཆེད་དུ། ཉི་ཧོང་གི་གྲོས་ཚོགས་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུག
རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡག་རོལ་གཏོང་བཞིན་པར་ཉམས་ཞིབ་དང་ལས་དོན་སྤེལ་ཆེད་དུ། ཉི་ཧོང་གི་གྲོས་ཚོགས་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུག
ཟླ་བ་ ༡༢ ཚེས་ ༠༥ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་ཅིག་ཚང་འཛོམས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་དང་ལས་དོན་སྤེལ་མཁན་གྱི་ཚོགས་ཆུང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་ཞིབ་འཇུག་དང་ལས་དོན་སྤེལ་མཁན་གྲོས་ཚོགས་ཀྱི་མཉམ་འབྲེལ་ཚོགས་ཆུང་(Parliamentary Coalition to Investigate and Take Action on Human Rights Violations by PRC)ཞེས་པ་ཞིག་གསར་འཛུགས་གནང་འདུག དེ་གར་ཉི་ཧོང་གི་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་དང་། གྲོས་ཚོགས་འཐུས་མི། ལས་བྱེད་སོགས་མི་སྣ་༥༠ ཙམ་གྱིས་མཉམ་ཞུགས་གནང་འདུག
དེ་བཞིན་ཚོགས་འདུའི་དམིགས་བསལ་གསུང་བཤད་པའི་ཁོངས་སྲིད་ཟུར་བློ་བཟང་སེང་གེ་དང་། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཊོལ་ཀུན་ཨི་ས། ཤི་ཛོ་ཀ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཨོ་ནོ་ཨ་ཀི་ར། ལྷོ་སོག་མཐུན་ཚོགས་ཀྱི་དའི་ཆིན་ཨོལ་ཧུ་ནུ་བཅས་མགྲོན་འབོད་གནང་ཞིང་། ཁོང་རྣམས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྐོར་གསུང་བཤད་གནང་བ་དང་མ་ཟད། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་རེད་འདུག
ཚོགས་ཆུང་གི་ཚོགས་གཙོར་གུ་ཡངས་མང་གཙོ་ཚོགས་པའི་ཀི་ཇི་ཕུ་རུ་ཡ་ (Keiji Furuya)དང་། དྲུང་ཆེར་གུ་ཡངས་མང་གཙོ་ཚོགས་པའི་ཧི་རོ་མི་མིཊ་ཚུ་བ་ཡ་ཤི་(Hiromi Mitsuybayashi)བསྐོ་བཞག་གནང་བ་མ་ཟད། ཚོགས་ཆུང་གི་སློབ་སྟོན་པར་ཉི་ཧོང་གི་བསམ་མཛོད་བསྟི་གནས་ཁང་ནས་ཡིན་པ་ཡོ་ཤི་ཀོ་ས་ཀུ་རི་ (Yoshiko Sakurai)བསྐོ་བཞག་གནང་ཡོད་པ་རེད་འདུག
སྐབས་དེར་གྲོས་ཚོགས་འཐུས་མི་ཀི་ཇི་ཕུ་རུ་ཡ་དང་། བློན་ཆེན་ཏ་ཀའི་ཆི་ས་ནེ་ (Takaichi Sanae)། བསམ་མཛོད་བསྟི་གནས་ཁང་གི་ངེས་སྟོན་པ་ཡོ་ཤི་ཀོ་ས་ཀུ་རི་ (Yoshiko Sakurai)བཅས་ཀྱིས་རྒྱལ་སྤྱིའི་མི་མང་ནས་མུ་མཐུད་ཁ་ཁུ་སིམ་པོར་བསྡད་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་རང་གི་མི་སེར་དང་བཙན་འཛུལ་བྱས་པའི་ས་ཁུལ་གྱི་མི་མང་ལ་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་གི་ཡོད་ཅིང་། ད་ཆ་རྒྱལ་སྤྱིའི་མི་མང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་སྲུང་སྐྱོབ་དང་རྒྱ་ནག་གི་དབང་ཤེད་དང་དྲག་རྩུབ་ཆེ་བའི་སྲིད་བྱུས་ཀྱི་ཁ་གཏད་དུ་སྐད་ཆ་ཤོད་དགོས་ཞེས་གསུངས་ཡོད་འདུག
ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤི་མོ་མུ་ར་ཧ་ཀུ་བུན་ (Shimomura Hakubun)གྱིས། ཚོགས་ཆུང་དེ་ལྟ་བུ་ཞིག་གསར་འཛུགས་གནང་བར་དགའ་བསུའི་བསྔགས་བརྗོད་གནང་བ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་གྱི་ཞི་བའི་ཐབས་ལམ་བསྟེན་གནང་བའི་སྐོར་ངོ་སྤྲོད་གནང་ཡོད་འདུག
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག འདི་ལོའི་ཕྱི་ཟླ་༦ པའི་ནང་ཨ་རི་ཝ་ཤིང་ཀྲོན་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ་སླར་གསོ་གནང་བའི་སྐོར་ངོ་སྤྲོད་དང་། ཉི་ཧོང་སྐད་དུ་བསྒྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པའི་དམིགས་ཡུལ་བགོ་འགྲེམས་གནང་བ་དང་སྦྲགས་གྲོས་ཚོགས་འཐུས་མི་རྣམས་དེར་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་བཞིན་ཉིན་དེར་་ཉི་ཧོང་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་ནང་ཤར་ཏུར་ཀིསྟན་དང་། བོད། ལྷོ་སོག ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བློ་འཚབ་ཤུགས་ཆེ་བསྟན་ཡོད། དེ་ལྟ་བུའི་གྲོས་ཆོད་ཉི་ཧོང་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་བར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་ཉི་ཧོང་གི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཉི་ཧོང་གཞུང་ནས་རྒྱ་ནག་ལ་དམིགས་པའི་ལངས་ཕྱོགས་དང་སྲིད་བྱུས་གསལ་པོ་གཏན་འབེབས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།