ཉིན་ཞག་གཅིག་ནང་གྱོན་ཆས་བཟོ་ཚོང་ཁང་གཉིས་ཀྱིས་རྒྱ་ནག་ལ་དགོངས་སེལ་ཞུས་པ།
ཕྱི་ལོ་༢༠༡༩ ཟླ་༨ ཚེས་༡༢ ཉིན། རྒྱ་ནག་གི་ཝེ་བྷོ་དྲ་བའི་ཐོག་ཏུ་ཏྲ་ལིའི་སྙན་གྲགས་ཆེ་བའི་གྱོན་ཆས་བཟོ་ཚོང་ཁང་ཝིར་ས་ཆི་(Versace) ཡི་སྟོད་ཐུང་ཕུ་མེད་ཅིག་གི་ངོས་སུ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཧོང་ཀོང་དང་མེ་ཁའོ་གཉིས་རྒྱལ་ཁབ་གཞན་ཡིན་པའི་ཡི་གེ་བཀོད་པར་སྐྱོན་བརྗོད་ཤུགས་ཆེན་བྱུང་རྗེས། ཁ་སང་རེས་གཟའ་ཉི་མའི་ཉིན་བཟོ་ཁང་དེ་དང་དེའི་ཇུས་འགོད་འགན་འཛིན་ཌོ་ལན་ཏྲ-ཝིར་ས་ཆི་(Donatella Versace) གཉིས་ཀྱིས་དགོངས་སེལ་ཞུས་འདུག
ཕྱི་ལོ་༢༠༡༩ ཟླ་༨ ཚེས་༡༢ ཉིན། རྒྱ་ནག་གི་ཝེ་བྷོ་དྲ་བའི་ཐོག་ཏུ་ཏྲ་ལིའི་སྙན་གྲགས་ཆེ་བའི་གྱོན་ཆས་བཟོ་ཚོང་ཁང་ཝིར་ས་ཆི་(Versace) ཡི་སྟོད་ཐུང་ཕུ་མེད་ཅིག་གི་ངོས་སུ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཧོང་ཀོང་དང་མེ་ཁའོ་གཉིས་རྒྱལ་ཁབ་གཞན་ཡིན་པའི་ཡི་གེ་བཀོད་པར་སྐྱོན་བརྗོད་ཤུགས་ཆེན་བྱུང་རྗེས། ཁ་སང་རེས་གཟའ་ཉི་མའི་ཉིན་བཟོ་ཁང་དེ་དང་དེའི་ཇུས་འགོད་འགན་འཛིན་ཌོ་ལན་ཏྲ-ཝིར་ས་ཆི་(Donatella Versace) གཉིས་ཀྱིས་དགོངས་སེལ་ཞུས་འདུག
དེ་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ཆེར་བརྒྱུད་སྤེལ་དང་སྐྱོན་བརྗོད་བྱས་པའི་སྟོད་ཐུང་ཕུ་མེད་དེའི་ངོས་སུ། “རྒྱ་ནག-པེ་ཅིང་།” “འབྱིན་ཇི-ལོན་ཏྲོན།” “ཨ་རི-ནེའུ་ཡོག”ཅེས་རྒྱལ་ཁབ་རེ་རེའི་མིང་དང་ལྷན་དུ་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་བ་རེའི་མིང་རེ་བཀོད་ཡོད་པ་མ་ཟད། “ཧོང་ཀོང-ཧོང་ཀོང་།” “མེ་ཁའོ-མེ་ཁའོ་”ཞེས་ཧོང་ཀོང་དང་མེ་ཁའོ་གཉིས་ཀྱང་རྒྱལ་ཁབ་ལོགས་སུ་ཡིན་པ་ལྟར་བཀོད་ཡོད་འདུག
ཨི་ཏྲ་ལིའི་ཚོང་རྟགས་གྲགས་ཅན་དེས་རྒྱ་ནག་གི་ཝེ་བྷོ་དྲ་བའི་ཐོག་སྤེལ་བའི་དགོངས་སེལ་ཡི་གེའི་ནང་། “ང་ཚོས་རྩོད་རྙོག་བསླངས་པར་དགོངས་དག་ཞུ། ང་ཚོ་རྒྱ་ནག་ལ་དགའ་ཞིང་རྒྱ་ནག་གི་མངའ་ཁོངས་བདག་དབང་ལ་གུས་བརྩི་ཞུ་ཡི་ཡོད་”ཅེས་བཀོད་པ་མ་ཟད། དེ་བཞིན་བཟོ་ཚོང་ཁང་གི་འགན་འཛིན་གྱིས་ཨིན་སི་གྷི་རམ་(Instagram) ཐོག་ཏུ་“རྒྱ་ནག་རྒྱལ་ཁབ་ཀྱི་དབང་ཚད་ལ་ངས་ནམ་ཡང་གུས་མེད་ཞུ་འདོད་མེད། དེ་བས་ངས་སྒེར་ངོས་ནས་ཀྱང་དེ་འདྲའི་ནོར་འཁྲུལ་ཞིག་ཤོར་བར་དགོངས་དག་ཞུ་འདོད་བྱུང་”ཞེས་བྲིས་ཡོད་འདུག
དོན་རྐྱེན་དེ་ལ་བརྟེན་ནས་བཟོ་ཚོང་དེའི་རྒྱ་ནག་གི་དེང་རབས་གྱོན་ཆས་ངོམ་སྟོན་པ་སྟེ། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་དང་གཞས་མ་གྲགས་ཅན་ཡེན་མེ་(Yang Mi) ཡིས་“རྒྱ་ནག་གི་ས་ཆའི་བདག་དབང་དང་དབང་ཚད་ནི་ལྷ་ཡིས་གནང་བ་ཡིན་པས། དུས་ནམ་ཡང་གུས་མེད་ཞུ་མི་ཉན་”ཞེས་བརྗོད་དེ་བཟོ་ཚོང་ཁང་དང་ལྷན་དུ་བཞག་པའི་གན་རྒྱ་རྩིས་མེད་བཏང་ནས་འབྲེལ་མཚམས་བཅད་ཡོད་འདུག
གནས་ཚུལ་དེ་བྱུང་ནས་ཉིན་ཞག་གཅིག་མ་འདས་གོང་སྟེ། དེ་རིང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་གྱོན་ཆས་བཟོ་ཚང་ཁང་ཁོའོ་ཆི་(Coach) ལའང་དེ་དང་གཅིག་མཚུངས་ཀྱི་སྐྱོན་བརྗོད་དང་གནོན་ཤུགས་ཕོག་པས། བཟོ་ཚོང་ཁང་དེས་ཀྱང་“ང་ཚོས་རྒྱ་ནག་གི་དབང་ཚད་དང་ས་ཆའི་བདག་དབང་ལ་གུས་བརྩི་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་དགོངས་སེལ་ཡི་གེ་སྤེལ་དགོས་ཁེལ་འདུག
རེས་གཟའ་ཟླ་བའི་ཞོགས་པར་ཝེ་བྷོ་དྲ་བའི་ཐོག་ཏུ་བརྒྱུད་སྤེལ་བྱས་པའི་ཁོའོ་ཆི་ཡི་སྟོད་ཐུང་ཕུ་མེད་དེ་ནི། ལོ་སྔོན་མའི་ཕྱི་ཟླ་༥ ནང་འགྲེམས་འཚོང་བྱས་པ་ཞིག་ཡིན་འདུག་པ་དང་། དེའི་རྒྱབ་ཏུའང་གོང་ལྟར་འཛམ་གླིང་གི་རྒྱལ་ཁབ་ཆེ་བ་རྣམས་དང་རྒྱལ་ཁབ་དེ་དག་གི་གྲོང་ཁྱེར་གྱི་མིང་གཞུང་བཀོད་པ་མ་ཟད། ཧོང་ཀོང་དང་། མེ་ཁའོ། ཐའེ་ཝན་བཅས་ཀྱི་མིང་རྒྱ་ནག་ལས་ལོགས་སུ་བཀོད་པས། རྒྱ་ནག་སྐམ་ས་ཆེན་མོའི་དྲ་ཐོག་སྤྱི་ཚོགས་ཀྱིས་བཟོ་ཚོང་དེར་ཧོང་ཀོང་དང་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ་དགོངས་སེལ་ཞུ་བའི་དགོས་འདུན་བཏོན་པ་མ་ཟད། དེའི་རྒྱ་ནག་གི་དེང་རབས་གྱོན་ཆས་ངོམ་སྟོན་པ་ལུའུ་ཝན་(Liu Wen) ཡིས་ཨ་རིའི་བཟོ་ཚོང་དེ་དང་འབྲེལ་ཐག་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག
དེང་སྐབས་རྒྱ་ནག་གི་སྟོབས་འབྱོར་མངའ་ཐང་ཡང་རྩེར་བསླེབས་ཡོད་པའི་ཐོག འཛམ་གླིང་གི་མི་འབོར་མང་ཤོས་སམ་ཁྲོམ་ར་ཆེ་ཤོས་དེ་ཆགས་ཡོད་སྟབས། གོ་མཚོན་བཟོ་ཚོང་ཁང་དང་། འཕྲུལ་ཆས་བཟོ་ཚོང་དང་། གློག་བརྙན་བཟོ་སྐྲུན་ཁང་། དཔེ་དེབ་དཔར་སྐྲུན་ཁང་། གྱོན་ཆས་བཟོ་ཚོང་ཁང་སོགས་མདོར་ན་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཆེ་འབྲེང་ཆུང་གསུམ་ཡོད་དོ་ཅོག་གིས་སོ་སོའི་ཁེ་ཕན་ཆེད་རྒྱ་ནག་གི་འདོད་པར་བསྟུན་ཆེ་ཐུབ་ཆུང་ཐུབ་བྱེད་ཀྱི་ཡོད་འདུག་སྟེ། འདི་ལོའི་འགོ་སྟོད་ལ་ལེའེ་ཁ་པར་ཆས་བཟོ་ཚོང་ཁང་(Leica Camera AG) གིས་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་གྱེན་ལངས་དང་འབྲེལ་བའི་བརྙན་ཐུང་འགྲེམས་སྤེལ་བྱས་པར་རྒྱ་ནག་གི་དྲྭ་ཐོག་ཁ་རྡུང་བྱུང་བས། འཕྲལ་དུ་ཕྱིར་བསྡུ་བྱེད་དགོས་བྱུང་བ་དང་། ལོ་སྔོན་མར་གྷེབ་གོས་ཚོང་ཁང་(Gap retailer) གིས་སྟོད་ཐུང་ཕུ་མེད་ངོས་སུ་“ཆ་མ་ཚང་བའི་རྒྱ་ནག་གི་ས་ཁྲ”(ཐའེ་ཝན་ནང་དུ་བཅུད་མེད།)བཀོད་པར་དགོངས་དག་ཞུ་དགོས་ཁེལ་བ། དེ་བཞིན་ཕྱི་ལོ་༢༠༡༨ ཟླ་༢ ནང་ཇར་མན་གྱི་སྐད་གྲགས་ཆེ་བའི་རླངས་འཁོར་བཟོ་ཚོང་ཁང་མར་སི་ཏྲ-བྷན་སི་(Mercedes-Benz) ཡིས་༧ཏཱ་ལའི་བླ་མ་མཆོག་གི་གསུང་ཚིག་དུམ་བུ་ཞིག་སོ་སོའི་ཨིན་སི་གྷི་རམ་(Instagram) ཐོག་ཏུ་བཀོད་པར་དགོངས་དག་ཞུས་ཏེ་བསུབ་དགོས་ཐུག་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།