ཉིན་ཞག་གཅིག་ནང་ཨ་རིར་མི་ཚོགས་ནང་མེ་མདའ་འཕངས་པའི་དོན་རྐྱེན།

ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིའི་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཉི་མའི་ཉིན་ཁ་དཀྲིས་དང་མཚོན་འགོག་སྟོད་འགག་གྱོན་པའི་མི་ཞིག་གིས་ཨ་རིའི་ཨོ་ཨ་འོ་(Ohio) མངའ་སྡེའི་ཌེ་ཐྲོན་(Dayton) གྲོང་རྡལ་དུ་འཛོམས་པའི་མི་ཚོགས་ཁྲོད་མེ་མདའ་བརྒྱབས་ཏེ་མི་༩ བསད་པའི་ཐོག མ་མཐར་ཡང་མི་༢༧ ལ་རྨས་སྐྱོན་བཏང་ཡོད་འདུག་ཅིང་། དེ་ནི་ཨ་རིར་ཉིན་ཞག་གཅིག་ནང་མི་ཚོགས་ཁྲོད་མེ་མདའ་ངེས་མེད་དུ་འཕངས་པའི་དོན་རྐྱེན་གཉིས་པ་དེ་ཆགས། 

ལག་དམར་བས་མེ་མདའ་འཕེན་འགོ་བརྩམས་མ་ཐག ཉེ་འཁོར་དུ་ལྟ་སྲུང་ལ་འགྲོ་བཞིན་པའི་ཉེན་རྟོག་པ་རྣམས་འཕྲལ་མ་ཉིད་དུ་དོན་རྐྱེན་བྱུང་སར་འབྱོར་བ་མ་ཟད། ཁོ་བསད་དེ་ཤི་རྨས་ཀྱི་ཁ་གྲངས་མ་འཕར་བར་འགོག་ཐུབ་པ་བྱུང་འདུག 

དོན་རྐྱེན་བྱུང་རྗེས་སུ་སྤེལ་བའི་གསར་འགོད་གསལ་བསྒྲགས་ཐོག ཉེན་རྟོག་རུ་དཔོན་རི་ཆར་ཌི-བྷེ་ཧལ་(Richard Biehl) གྱིས་“ཉེན་རྟོག་པ་ཚོས་སྐད་ཅིག་ཉིད་དང་ནུས་པ་ལྡན་པའི་ཐོག་ནས་བྱ་སྤྱོད་སྤེལ་བས། དོན་རྐྱེན་དེ་སྐར་ཆ་༣༠ ནང་མཇུག་བསྒྲིལ་བ་རེད་”ཅེས་བཤད་འདུག 

ཉེན་རྟོག་པས་བཤད་པ་ལྟར་ན། ལག་དམར་དེའི་མིང་ལ་ཁོ་ནར-བྷ་ཐྲི་(Connor Betts) ཟེར་ཞིང་། ལོ་ན་༢༤ དང་། ཕ་ཡུལ་ཨོ་ཨ་འོ་མངའ་སྡེའི་བྷེལ་བྷོ་རུག་(Bellbrook) མི་རིགས་དཀར་པོ་ཡིན་འདུག་ལ། ཁོས་མདེའུ་བརྒྱ་ཤོང་བའི་རིང་མདའ་ཁྱེར་ཡོད་པའི་ཐོག རླངས་འཁོར་ནང་དུའང་མེ་མདའ་གཞན་ཞིག་ཡོད་འདུག 

ཁོས་བསད་པའི་མི་དགུའི་ཁྲོད་དུ་ཁོ་རང་ཉིད་ཀྱི་གཅུང་མོའང་ཡོད་པ་དང་། ཉེ་རྟོག་རུ་དཔོན་གྱིས་བརྗོད་པར་གཞིགས་ན། གཟའ་ཉི་མའི་མཚན་མོ་དེར་རོགས་པ་གཞན་ཞིག་དང་ལྷན་དུ་ཁོ་གཅེན་གཅུང་གཉིས་རླངས་འཁོར་གཅིག་གི་ནང་དུ་འབྱོར་ཡང་། མི་གསོད་ཀྱི་དོན་རྐྱེན་མ་བྱུང་སྔོན་ལ་ཁོ་གཉིས་ཁ་ཐོར་བ་ཡིན་འདུག 

ད་ལྟའི་ཆར་མི་གསོད་ཀྱི་དོན་རྐྱེན་དེའི་རྒྱབ་ཀྱི་ཀུན་སློང་དང་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པ་དང་། དེ་དང་འབྲེལ་བའི་ཐོག་ལ་ཉེན་རྟོག་རུ་དཔོན་གྱིས་“ད་ལྟ་ཀུན་སློང་གང་ཡིན་བཤད་རྒྱུ་དེ་འགན་མ་ཁུར་བ་ཞིག་ཆགས་ངེས་རེད། ང་ཚོ་ལ་ཅི་ཕྱིར་ཡིན་ནམ་ཞེས་པའི་དྲི་བ་དེར་ལན་འདེབས་པའི་གནས་ཚུལ་འདང་ངེས་ཤིག་མེད་”ཅེས་བཤད་འདུག 

མི་གསོད་དོན་རྐྱེན་དེའི་ཁྲོད་བཀོལ་བའི་མེ་མདའ་དེ་ནི། ས་གནས་དེ་གའི་གོ་མཚོན་ཚོང་ཁང་ཞིག་གིས་ཁྲིམས་མཐུན་འོག་མངའ་སྡེ་ཐྲག་སི་(Texas) ནས་དྲ་ཐོག་བརྒྱུད་མངགས་ཉོ་བྱས་ཏེ་ལག་དམར་བའི་ལག་ཏུ་ཐོན་པ་ཞིག་ཡིན་འདུག 

ཌེ་ཐྲོན་གྱི་མི་གསོད་དོན་རྐྱེན་དེ་མ་བྱུང་བའི་ཆུ་ཚོད་༡༣ གྱི་གོང་ལ། ཨ་རིའི་མངའ་སྡེ་ཐྲག་སི་ཡི་ཨིལ-ཕེ་སོ་(El Paso) ཡི་ཚོང་ཁང་ཞིག་ཏུ་མི་ཚོགས་ཁྲོད་མེ་མདའ་བར་མེད་དུ་འཕངས་པའི་དོན་རྐྱེན་གཞན་ཞིག་བྱུང་བ་དང་། དོན་རྐྱེན་དེའི་ཁྲོད་དུ་མི་༢༠ ཤི་ཞིང་༢༦ ལ་རྨས་སྐྱོན་ཕོག་ཡོད་འདུག དོན་རྐྱེན་དེའི་ཉེས་ཅན་པ་ནི་ལོ་༢༡ ལ་སོན་པའི་མི་ཞིག་ཡིན་ཞིང་། ཁོ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

དོན་རྐྱེན་ཚབས་ཆེན་འདི་གཉིས་མ་བྱུང་བའི་བདུན་ཕྲག་གཅིག་གི་གོང་ལ། ཨ་རིའི་མངའ་སྡེ་ཁ་ལི་ཧྥི་ནི་ཡའི་ཁ་ཟས་དུས་ཆེན་ཞིག་ལ་ཡང་ན་ཆུང་ཞིག་གིས་མེ་མདའ་བརྒྱབས་ནས་མི་གསུམ་བསད་རྗེས། རང་མེད་བྱས་པའི་གནས་ཚུལ་བྱུང་ཡོད་འདུག 

གང་བྱུང་མི་ཚོགས་ཁྲོད་མེ་མདའ་འཕངས་ནས་མི་མང་སྡེབས་གསོད་བྱེད་པ་དེ་ཨ་རིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་ཡིན་འདུག་སྟེ། མི་གསོད་ཀྱི་དོན་རྐྱེན་གསར་ཤོས་འདི་གཉིས་བརྩིས་ན། ༢༠༡༩ ཁོ་ནར་ཨ་རིའི་ནང་དེ་འདྲའི་དོན་རྐྱེན་༢༢ བྱུང་ཞིང་། དོན་རྐྱེན་དེ་དག་གི་ཁྲོད་དུ་མི་༡༢༥ ཡི་ཚེ་སྲོག་ཤོར་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།