ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་ནས་པར་དུ་བསྐྲུན་པའི་དེབ་ཁག་ཅིག་ངོ་སྤྲོད།

༡ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ནི་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་ཅིང་། བརྗོད་བྱ་ནི་ཐུན་མོང་ཕྱིའི་སྔོན་འགྲོའི་ནང་ལ་དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཐར་པའི་ཕན་ཡོན་བཅས་ཡིན་པ་དང་། ཐུན་མིན་ནང་གི་སྔོན་འགྲོའི་ནང་དུ་སྐྱབས་འགྲོ་སེམས་བསྐྱེད་དང་རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར། ཁྲིད་ཀྱི་དམིགས་རྣམ་གནད་བསྡུས་སོགས་ཡིན་ཞིང་། ཕར་ཕྱིན་དྲུག་གིས་མཚོན་དེ་དག་རེ་རེའི་ནང་གསེས་མང་པོ་འདུག་ལ།  དེབ་འདིར་ལེའུ་བཅུ་གཉིས་དང་ཤོག་གྲངས་༤༤༤ ཙམ་འདུག བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ལམ་རིམ་གཙོ་གྲས་རྣམས་རིམ་པས་དཔར་དུ་སྐྲུན་རྒྱུའི་འཆར་གཞི་ལྟར་དཔར་བསྐྲུན་གནང་བ་ཞིག་ཡིན་འདུག
༢ བཤེས་པའི་སྤྲིང་ཡིག་གི་ཚིག་དོན་ལས་ཁྱིམ་པས་ལྷ་ཆོས་སྒྲུབ་ཚུལ་ཞེས་པ་ནི་ཊུ་ཥི་ཏ་སུ་དྷཱིས་བརྩམས་ཤིང་། རྩོམ་པ་པོ་ཁོང་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིང་གི་བརྗོད་བྱ་རྗོད་བྱེད་གང་གི་ཐད་ནས་མང་ཚོགས་དཀྱུས་མས་ཁ་གསལ་གོ་བདེའི་ངང་ལྟ་ཀློག་དང་ཐོས་བསམ་ཐུབ་པའི་ཆེད་དུ་དམིགས་ནས་བརྩམས་པ་ཞིག་ཡིན་འདུག་ལ། དབུ་ནས་མཇུག་བར་མཐར་ཆགས་སུ་ཀློག་མ་ཐུབ་ཀྱང་རང་ཉིད་གང་ལ་ཤེས་འདོད་ཡོད་པའི་སློབ་ཚན་ཁུལ་དུ་ཕྱུངས་ཏེ་ཀློག་ཆོག་པའི་མཐུན་རྐྱེན་བསྐྲུན་ཡོད་འདུག དེབ་འདི་རྩིས་སྒོ་ཡན་ལག་ལྔའི་ས་བཅད་ཀྱི་སྒོ་ནས་གཞུང་ཡོངས་སུ་བསྟན་ཞིང་ཤོག་གྲངས་༦༡༦ ཙམ་འདུག བོད་ཀྱི་དཔེ་མཛོད་ཁང་ནས་ནང་ཆོས་ཀྱི་དེབ་ཕྲེང་༤༦ པར་དཔར་དུ་བསྐྲུན་འདུག 

༣ སྙིང་གཏམ། ངེད་ཅག་གི་རྩ་ཆེའི་གོ་ལར་བཅངས་པའི་བརྩེ་བ་དང་རེ་བའི་སྐོར་གྱི་བཀའ་མོལ་ཞེས་པའི་དེབ་འདི་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ན་གཞོན་ཚོར་བཀའ་མོལ་གནང་བ་ཞིག་ལ། མུ་སྦྲེལ་མཚར་རིས་གྲགས་ཅན་མ་ཊི་ཞེས་པ་གསར་གཏོད་གནང་མཁན་པེ་ཊྲེག་མེག་ཌོན་ནེལ་ཡིས་རི་མོ་བྲིས་ཤིང་། ཚེ་རིང་ནོར་བུས་བོད་སྒྱུར་ཞུས་པ་ཞིག་རེད་འདུག་ལ། དེབ་འདིར་པར་རིས་མཉམ་སྦྱར་ཤོག་གྲངས་༡༣༦ འདུག་པ་དང་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་འདུག 

༤ སྐད་བརྡ་རིག་པའི་དྲིས་ལན་ཉིས་བརྒྱ་པ་ཞེས་པ་ནི་སྒོ་མང་ཀུན་དགའ་ཆོས་འཕེལ་གྱིས་བརྩམས་ཤིང་། བརྗོད་བྱ་ནི་སྤྱིར་སྐད་བརྡ་རིག་པའི་དྲིས་ལན་དང་སྐད་བརྡ་རིག་པའི་སྤྱི་དོན། དེ་བཞིན་སྐད་བརྡ་རིག་པའི་སྤྱི་བཤད་སོགས་རེད་འདུག ཁོང་གིས་གཙོ་བོར་རིག་ཚན་འདིར་སློབ་གཉེར་གནང་མཁན་རྣམས་ཀྱི་ཆེད་དུ་དམིགས་ནས་བྲིས་པ་ཞིག་རེད་འདུག དེབ་འདིར་ཤོག་གྲངས་༢༠༤ དང་སྔ་ཕྱིར་ལེའུ་བཅུ་བཞི་དང་ཟུར་འཛར་སོགས་འདུག་ལ། བོད་ཀྱི་དཔེ་མཛོད་ཁང་ནས་སྐད་ཡིག་དེབ་ཕྲེང་༥༡ པར་དཔར་དུ་བསྐྲུན་འདུག 

༥ བོད་ཀྱི་ཐུན་མིན་རྩོམ་ཐབས་ཀ་བཤད་གླེང་བ་ཞེས་པ་ནི་རྩོམ་པ་པོ་ཨཱཙཱརྱ་ཨག་ལོས་བརྩམས་ཤིང་། བརྗོད་བྱ་བོད་ཀྱི་ཀ་བཤད་ཀྱི་རྣམ་གཞག་སྟེ་ཀ་བཤད་ཀྱི་འཕེལ་རིམ་དང་སྒྱུ་རྩལ། དེ་བཞིན་འབྲི་ཐབས་དང་ཁྱད་ཆོས། ཉམས་དམས་སུ་ཇི་ལྟར་ཕྱིན་མིན་སོགས་ཀྱི་སྐོར་རེད་འདུག་ལ། དེབ་འདི་ལེའུ་བཅུ་དང་ཤོག་གྲངས་༢༧༨ ཀྱི་བདག་ཉིད་ཅན་ཞིག་ཡིན་ཞིང་། བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་༤༤ པར་དཔར་དུ་བསྐྲུན་འདུག 

༦ གཉན་རིམས་བཅོ་བརྒྱད་ཀྱི་རྩ་འགྲེལ་ཕྱོགས་བསྡུས་བློ་དམན་བྱིས་པའི་འཇུག་སྒོ་ཞེས་པ་ནི། རྒན་གྱའི་བསོད་ནམས་རྒྱ་མཚོས་རྩོམ་སྒྲིག་གནང་བ་ཞིག་ཡིན་ཞིང་། དེབ་འདིའི་ནང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་དང་འབྲེལ་བའི་མཛད་བསྡུས་ཤིག་དང་། མན་ངག་ལྷན་ཐབས་ཀྱི་ཁུངས་གཏུག་སའི་གཞུང་དང་བརྒྱུད་པ་འཕེལ་རིམ་གྱི་ངོ་སྤྲོད། གཉན་རིམས་སྤྱིའི་རྒྱུ་རྐྱེན་དབྱེ་བ་སོགས་དང་། གཉན་རིམས་བཅོ་བརྒྱད་པོ་བྱེ་བྲག་གི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་སོགས་ཀྱི་རྩ་ཚིག་ལྟར་འགྲེལ་བཤད་གནང་བ་ཞིག་དང་། དེབ་འདིར་ལེའུ་བཅོ་བརྒྱད་དང་ཤོག་གྲངས་༡༩༢ འདུག་ལ། བོད་ཀྱི་དཔེ་མཛོད་ཁང་ནས་ཀུན་ཕན་དེབ་ཕྲེང་༡༦ པར་དཔར་དུ་བསྐྲུན་འདུག


Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།