ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ཧོང་ཀོང་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་འདུག  

ཧོང་ཀོང་གཞུང་གིས་གྲོས་ཚོགས་ནང་དུ་ཧོང་ཀོང་ནས་རྒྱ་ནག་དང་ཐའེ་ཝན་སོགས་ལ། ཉེས་ཅན་རྩིས་སྤྲོད་བཀག་འགོག་གི་ཁྲིམས་དེ་འགྱུར་བ་བཏང་ནས། རྒྱ་ནག་དང་ཐའེ་ཝན་སོགས་ལ་ཉེས་ཅན་རྩིས་སྤྲོད་བྱེད་ཆོག་པའི་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ་དེར། མི་མང་འབུམ་གཅིག་ལས་མང་བས་ངོ་རྒོལ་བྱས་ཀྱང་། ཁྲིམས་འཆར་དེ་མུ་མཐུད་ནས་འཁྱེར་རྒྱུ་ཡིན་པ་དང་། གྲོས་ཚོགས་ནས་ཁྲིམས་སུ་གཏན་འབེབས་གང་མགྱོགས་བྱེད་པའི་རེ་སྐུལ་བྱས་འདུག

ཧོང་ཀོང་གཞུང་གིས་གྲོས་ཚོགས་ནང་དུ་ཧོང་ཀོང་ནས་རྒྱ་ནག་དང་ཐའེ་ཝན་སོགས་ལ། ཉེས་ཅན་རྩིས་སྤྲོད་བཀག་འགོག་གི་ཁྲིམས་དེ་འགྱུར་བ་བཏང་ནས། རྒྱ་ནག་དང་ཐའེ་ཝན་སོགས་ལ་ཉེས་ཅན་རྩིས་སྤྲོད་བྱེད་ཆོག་པའི་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ་དེར། མི་མང་འབུམ་གཅིག་ལས་མང་བས་ངོ་རྒོལ་བྱས་ཀྱང་། ཁྲིམས་འཆར་དེ་མུ་མཐུད་ནས་འཁྱེར་རྒྱུ་ཡིན་པ་དང་། གྲོས་ཚོགས་ནས་ཁྲིམས་སུ་གཏན་འབེབས་གང་མགྱོགས་བྱེད་པའི་རེ་སྐུལ་བྱས་འདུག

དེ་ཡང་ཟླ་༤ པའི་ཚེས་༢༨ ཉིན་ཧོང་ཀོང་གྲོས་ཚོགས་ཚོགས་ཁང་དང་གཞུང་གི་ལས་ཁང་མདུན་བར། ཧོང་ཀོང་མི་མང་གིས་གཞུང་གིས་རྒྱ་ནག་དང་ཐའེ་ཝན་སོགས་ལ་ཧོང་ཀོང་ནས་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག གོ་སྒྲིག་པས་བརྗོད་དོན་ལྟར་ན་མི་མང་༡༣༠,༠༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག་ཀྱང་། ཉེན་རྟོག་པས་བརྗོད་ན་མི་མང་༢༣,༠༠༠ ལས་ཉུང་བ་མཉམ་ཞུགས་བྱས་སྐོར་བརྗོད་འདུག ངོ་རྒོལ་གོམ་བགྲོད་ལས་འགུལ་དེ་ནི་ཕྱི་ལོ་༢༠༡༤ ལོའི་ཉི་གདུག་གི་མང་གཙོའི་ལས་འགུལ་ཆེན་མོའི་རྗེས་སུ། མི་མང་གི་ལས་འགུལ་གཞི་རྒྱ་ཆེ་ཤོས་གྲས་སུ་བརྩི་བཞིན་འདུག

དེ་ཡང་ཟླ་༣ པའི་ནང་ཧོང་ཀོང་གཞུང་གིས་གྲོས་ཚོགས་ནང་དུ། ཧོང་ཀོང་ནས་རྒྱ་ནག་དང་ཐའེ་ཝན་སོགས་ལ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ལས་གཞི་བཀག་འགོག་གི་ཁྲིམས་དེ་བསྐྱར་བཅོས་བྱས་ཏེ། རྩིས་སྤྲོད་བྱེད་ཆོག་པའི་ཁྲིམས་འཆར་ཞིག་བཏོན་འདུག་པས། མང་གཙོའི་ལས་འགུལ་བ་དང་ཁྲིམས་རྩོད་པ། གསར་འགོད་པ། ཚོང་པ་སོགས་ཀྱིས་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་ཚེ། མི་མང་དང་ཕྱི་རྒྱལ་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་ཁར། འཇིགས་སྣང་ངང་འཚོ་བ་སྐྱེལ་དགོས་པ་ཆགས་རྒྱུ་དང་། རྒྱ་ནག་ཏུ་ཉེས་ཅན་རྩིས་སྤྲོད་བྱས་པ་རྣམས་ལ་ཁྲིམས་ཞིབ་དྲང་བདེན་ཡོང་རྒྱུ་ཁག་པོ་ཡིན་པ། ཁྲིམས་དེ་བེད་སྤྱད་ནས་ཧོང་ཀོང་ནང་གི་མང་གཙོའི་འབོད་སྒྲར་གནོན་ཤུགས་ཆེན་པོ་སླེབས་རྒྱུ་ཡིན་པ་སོགས་ཀྱི་སྐྱོན་བརྗོད་གང་མང་བྱས་ཡོད་ཀྱང་། ཧོང་ཀོང་གཞུང་གིས་ཁྲིམས་དེས་འགྲོ་བ་མིའི་ཐོབ་ཐང་རྣམས་ལ་དོ་ཕོག་འགྲོ་རྒྱུ་མིན་པ་ཨུ་ཚུགས་བྱེད་བཞིན་འདུག

དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་མ་བྱས་པའི་སྔོན་གྱི་ཧོང་ཀོང་གི་སྲིད་སྐྱོང་ཁཱེ་རི་སེ་པཱེ་ཊན་གྱིས། ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་ཆེས་བྱེད་མཁན་གྱི་སྤྱི་ཚོགས་ཤིག་གིས། ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་ཆེས་མི་བྱེད་མཁན་གྱི་སྤྱི་ཚོགས་ཤིག་དང་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་དེ་འདྲ་འཇོག་གི་མེད་པ་དང་། ཁྲིམས་འཆར་དེ་ནི་ཧོང་ཀོང་གི་རིན་ཐང་ལྟ་བ། བརྟན་ལྷིང་བདེ་འཇགས་ལ་རྡུང་རྡེག་ཡིན་པ། དེས་ཧོང་ཀོང་ནང་གི་ཚོང་པ་རྣམས་ལ་འཇིགས་སྣང་དང་ངེས་མེད་ཀྱི་ཚོར་བ་སྤྲོད་རྒྱུ་ཡིན་སྐོར་བརྗོད་ནས། ཁྲིམས་འཆར་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་གི་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ། ཐད་ཀར་གནོད་འཚེ་བཏང་བ་ཡིན་སྐོར་བརྗོད་འདུག

ངོ་རྒོལ་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བའི་རྗེས་སུ། ཧོང་ཀོང་གི་སྤྱི་ཁྱབ་པས་ཧོང་ཀོང་མི་མང་ནང་ཁྲིམས་འཆར་དེར་བསམ་ཚུལ་འདྲ་མིན་ཡོད་པ་ཤེས་ཀྱི་ཡོད་ཀྱང་། དེ་ནི་དགོས་ངེས་ཅན་ཞིག་ཡིན་པས། གྲོས་ཚོགས་ནང་ཁྲིམས་འཆར་དེ་ཁྲིམས་སུ་གང་མགྱོགས་གཏན་འབེབས་བྱེད་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་འདུག ཧོང་ཀོང་གཞུང་གི་མགྲིན་ཚབ་པ་ཞིག་གིས་ཁྲིམས་འཆར་དེའི་འོག་ཏུ། ད་ཡོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྣམས་མུ་མཐུད་གནས་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ཧོང་ཀོང་དང་རྒྱལ་སྤྱིའི་ནང་དོ་སྣང་བྱེད་མཁན་མང་པོ་ཞིག་གིས། ཁྲིམས་དེ་བེད་སྤྱོད་ལོག་པ་བཏང་ནས། རྒྱ་ནག་ལ་ཁ་གཏད་ཀྱི་བསམ་ཚུལ་འཛིན་མཁན་དང་མང་གཙོའི་ལས་འགུལ་བ། གསར་འགོད་པ་སོགས་ལ་འཇིགས་སྣང་ཅན་གྱི་ཁོར་ཡུག་བསྐྲུན་ནས། ཧོང་ཀོང་ནང་མང་གཙོའི་དབང་ཚད་ཆུང་དུ་གཏོང་བ། དེ་བཞིན་རང་བཙན་མངོན་འདོད་ཀྱི་ལས་འགུལ་བ་རྣམས་ལ་ཁ་བྲལ་བའི་ཉེས་མིང་འོག་བཙོན་འཇུག་སོགས་བྱེད་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།