ཊོམ་གྱི་ལྟ་བ་འཛིན་མཁན་ལྕམ་ལི་པན་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པར་ཚུད་པ།
ཟླ་འདིའི་ཚེས་༢༣ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་མི་མང་གིས་སྲིད་འཛིན་འོས་བསྡུའི་རིམ་པ་དང་པོ་དེ་བྱས་པ་དང་། འོས་གྲངས་རྩིས་བཤེར་བརྒྱ་ཆ་༩༧ བྱས་ཟིན་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་མི་མང་གིས་སྲིད་འཛིན་འོས་བསྡུའི་རིམ་པ་དང་པོ་དེ་བྱས་པ་དང་། འོས་གྲངས་རྩིས་བཤེར་བརྒྱ་ཆ་༩༧ བྱས་ཟིན་ཡོད་པ་རེད།
ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་དང་འདྲ་བའི་མི་རིགས་རིང་ལུགས་པའི་ལྟ་བ་ཤུགས་ཆེན་འཛིན་མཁན་ལྕམ་མེ་རན་ལི་པེན་དང་། བར་གནས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་ཨིམ་མུལ་མེར་ཁོན་གཉིས་ལ་འོས་གྲངས་མང་ཤོས་ཐོབ་ཏེ། འོས་བསྡུའི་རིམ་པ་གཉིས་པ་ལ་ཁོང་གཉིས་བར་འོས་འགྲན་བྱ་རྒྱུ་གཏན་འཁེལ་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་ལོ་རྒྱུས་ནང་དུ་ཐེངས་དང་པོར་ཆབ་སྲིད་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་གཉིས་པོའི་འོས་མི། སྲིད་འཛིན་གྱི་འོས་བསྡུ་རིམ་པ་གཉིས་པའི་ནང་མ་ཚུད་པ་དང་། ཐེངས་འདིར་དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་ཀྱི་ལས་འགུལ་ལ་ཞུགས་པའི་ཉམས་མྱོང་མེད་མཁན་ཡིན་པ་གང་ཞིག ཕྱི་ལོ་༢༠༡༦ ལོར་གསར་འཛུགས་བྱས་པའི་མདུན་བསྐྱོད་ཚོགས་པའི་འོས་མི་སྐུ་ཞབས་ཨེ་མོལ་མེ་ཁོར་ལ་འོས་འབངས་ཀྱི་བརྒྱ་ཆ་༢༣.༩ ཐོབ་ནས་ཨང་དང་པོ་དང་། དེ་བཞིན་ཚོགས་པ་རྙིང་པ་ཡིན་ཡང་། ད་བར་མི་མང་ཁྲོད་རྒྱབ་སྐྱོར་ཤུགས་ཆེན་དེ་འདྲ་ཐོབ་མྱོང་མེད་པའི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པའི་འོས་མི་ལྕམ་མེ་རན་ལི་པན་ལ་འོས་འབངས་ཀྱི་བརྒྱ་ཆ་༢༡.༤ ཐོབ་ནས་ཨང་གཉིས་པ་ཆགས་ཡོད་པ་རེད། ཁོང་གཉིས་ཀྱི་བར་ལ་སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པ་དེ་ཟླ་༥ པའི་ཚེས་༧ ཉིན་བྱ་རྒྱུ་ཡིན་པ་དང་། ཨང་གསུམ་པ་དང་བཞི་པ་གཉིས་ལ་འོས་འབངས་ཀྱི་བརྒྱ་ཆ་༡༩ རེ་ཐོབ་ཡོད་འདུག
ཨང་དང་པོར་ཐོབ་མཁན་སྐུ་ཞབས་མེར་ཁོན་གྱིས་རྒྱབ་སྐྱོར་བ་ཚོར་། “བདུན་ཕྲག་གཉིས་ནང་ཕྲན་ཁྱེད་ཅག་གི་སྲིད་འཛིན་ཆགས་པའི་རེ་བ་ཡོད། ང་རང་ཧྥ་རན་སིའི་མི་མང་ཚང་མའི་སྲིད་འཛིན་བྱེད་འདོད་ཡོད་ལ། ལུང་པ་འདིའི་ནང་མི་རིགས་རིང་ལུགས་པའི་ཉེན་ཁའི་མདུན་ལ། ང་རང་རྒྱལ་གཅེས་པ་ཚོའི་སྲིད་འཛིན་ཆགས་འདོད་ཡོད་”ཅེས་བརྗོད་འདུག
ཨང་གཉིས་པ་ཐོབ་མཁན་ལྕམ་ལི་པན་གྱིས་རྒྱབ་སྐྱོར་བ་ཚོའི་མདུན་དུ། མོར་འོས་ཤོག་འཕངས་ཚེ་ཧྥ་རན་སིའི་གསོན་གནས་ཐུབ་རྒྱུ་ཡིན་པས། རྒྱལ་གཅེས་པ་ཚང་མས་ཁོང་མོར་འོས་ཤོག་འཕེན་པའི་རེ་སྐུལ་བྱས་ཡོད་འདུག
ཆབ་སྲིད་དཔྱད་བརྗོད་པ་དང་ཆབ་སྲིད་པའི་ཚོགས་པ་མང་པོ་ཞིག་གིས། ལྕམ་ལི་པན་གྱི་གནས་སྤོ་བ་དང་ཁ་ཆེ་ཆོས་ལུགས། དེ་བཞིན་ཡུ་རོབ་མཐུན་ཚོགས་ལ་ཁ་གཏད་ཀྱི་ལྟ་བ་མཐར་ལྷུང་དེ་ནི་རྒྱལ་ཁབ་ལ་ཉེན་ཁ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ཆབ་སྲིད་ཚོགས་པ་དག་གིས་བར་གནས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་མེར་ཁོན་ལ་རྒྱབ་སྐྱོར་བྱེད་སྲིད་པ་རེད་འདུག ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་འོས་མི་སྐུ་ཞབས་བྷེ་ནོ་ཧ་མོན་གྱིས་རང་ཉིད་ཀྱི་རྒྱབ་སྐྱོར་བ་ཚོར། འོས་བསྡུ་རིམ་པ་གཉིས་པར་སྐུ་ཞབས་མེར་ཁོན་ལ་འཕེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག
སྐུ་ཞབས་མེར་ཁོན་གྱིས་ཧྥ་རན་སི་དེ་ཡུ་རོབ་མཐུན་ཚོགས་ནང་མུ་མཐུད་གནས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་དེར་རྒྱལ་སྤྱིའི་ཚོང་འབྲེལ་གྱི་ཁོར་ཡུག་བསྐྲུན་འདོད་ཡོད་པ་དང་། རྒྱལ་ཁབ་ཀྱི་ས་མཚམས་སྲུང་སྐྱོབ་དོ་ནན་པོ་བྱེད་རྩིས་ཡོད་ཀྱང་། ཧྥ་རན་སིའི་བདེ་འཇགས་སྲིད་ཇུས་ཀྱིས་ཁ་ཆེ་བ་ཚོར་དམིགས་འབེན་དྲང་པོ་བྱས་མེད་པར་བརྗོད་མཁན་ཞིག་ཡིན་འདུག དེ་བཞིན་སི་རི་ཡའི་དམག་འཁྲུག་ལ་ཧྥ་རན་སིས་བར་འདུམ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཁོང་གིས་ཧྥ་རན་སིར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་སྐོར་ཁྱབ་སྤེལ་བྱས་ཡོད་པ་དང་། གནས་སྤོ་བ་དང་འབྲེལ་ནས་ཡུ་རོབ་ནང་དུ་སྲིད་ཇུས་གཅིག་ཡོད་དགོས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག དེ་ཡང་སྲིད་ཇུས་གཅིག་མཚུངས་ཞིག་ཡོད་ཚེ། གནས་སྤོ་བ་བགོ་འགྲེམས་ཀྱི་སྲིད་ཇུས་ཁ་གསལ་པོ་ཡོད་པས། གྷེ་རི་སེ་ལྟ་བུ་ལུང་པ་གཅིག་གིས་དཀའ་ངལ་ཆེན་པོ་མྱངས་མི་དགོས་པ་ཆགས་རྒྱུ་ཡིན་འདུག
ཟླ་༥ པའི་ནང་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་མིན་དེ་ནི། ཡུ་རོབ་མཐུན་ཚོགས་དང་གོ་ལ་གཅིག་འགྱུར་གཉིས་ཀྱི་མ་འོངས་པའི་ཁ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་རྒྱུ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།