ཊོམ་དང་རྒྱལ་སྤྱིའི་འགོ་ཁྲིད་གཞན་བར་ཨུ་རུ་སུ་དང་འབྲེལ་ནས་འགལ་ཟླ་བྱུང་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ལ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་བསྐྱར་དུ་སྐད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཀྱང་། ལྷན་ཚོགས་ཀྱི་འགོ་ཁྲིད་གཞན་ཕལ་ཆེ་བས་རྒྱབ་སྐྱོར་བྱས་མེད་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ལ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་བསྐྱར་དུ་སྐད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཀྱང་། ལྷན་ཚོགས་ཀྱི་འགོ་ཁྲིད་གཞན་ཕལ་ཆེ་བས་རྒྱབ་སྐྱོར་བྱས་མེད་འདུག 

ཟླ་༨ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༢༤ ནས་༢༦ བར་ཡུ་རོབ་ཧྥ་རན་སིར་ཨ་རི་དང་དབྱིན་ཡུལ། འཇར་མན། ཁེ་ན་ཌ། ཧྥ་རན་སི། ཨི་ཊ་ལི། ཉི་ཧོང་བཅས་སྟོབས་ཆེན་རྒྱལ་ཁབ་༧ གྱི་ལྷན་ཚོགས་འཚོགས་ཡོད་པ་དང་། ལྷན་ཚོགས་སྐབས་སུ་ཨ་རིའི་སྲིད་འཛིན་ཊོམ་གྱིས་ལོ་རྗེས་མའི་ལྷན་ཚོགས་སྐབས་སུ་ཨུ་རུ་སུ་བསྐྱར་དུ་ལྷན་ཚོགས་ནང་བཅུག་སྟེ་སྲིད་འཛིན་པུ་ཀྲེན་སྐད་གཏོང་དགོས་སྐོར་བརྗོད་ཡོད་ཀྱང་། ཚོགས་མི་གཞན་རྣམས་ཀྱིས་རྒྱབ་སྐྱོར་བྱས་མེད་ཁར། ལྷག་པར་དུ་འཇར་མན་གྱི་སྲིད་བློན་ལྕམ་མེར་ཁེལ་དང་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སེ་ཇོན་སོན་གཉིས་ཀྱིས་དགག་བྱ་ཆེན་པོ་བྱས་ཡོད་འདུག དེ་ཡང་ཁོང་གཉིས་ཀྱིས་ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་གྱིས་ས་ཆ་བཙན་བཟུང་བྱས་རྗེས། ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་ཀྱི་ལྷན་ཚོགས་ནས་ཕྱིར་འབུད་བཏང་ཡོད་པ་དང་། དེའི་རྗེས་ནས་མང་གཙོ་ལ་ཁ་གཏད་ཤུགས་ཆེ་རུ་བྱེད་ཀྱི་ཡོད་པས། ལྷན་ཚོགས་ནང་བསྐྱར་དུ་སྐད་བཏང་ཚེ་བཙན་འཛུལ་དེ་ཁྲིམས་མཐུན་གྱི་རྣམ་པ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཨུ་རུ་སུའི་བཙན་འཛུལ་དེ་ལ་བརྟེན་ནས་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཉེས་ཆད་བཏང་ཡོད་པས། དེ་ལ་བརྟེན་ནས་ཨུ་རུ་སུའི་དཔལ་འབྱོར་ཡང་ཉམས་རྒུད་ཆེན་པོ་སོང་ཡོད་པ་རེད།

སྲིད་འཛིན་ཊོམ་གྱིས་ཡང་ནས་བསྐྱར་དུ་སྐབས་སྔོན་མའི་སྲིད་འཛོན་ཨོ་བྷ་མས་ཨུ་རུ་སུ་ལྷན་ཚོགས་དེ་ནས་ཕྱིར་འབུད་བཏང་བའིེ་ཉེས་འགན་ཡོད་སྐོར་བརྗོད་འདུག འགོ་ཁྲིད་ཁག་གི་ཁྲོད་ནས་ཨི་ཊ་ལིའི་སྲིད་བློན་ཀོན་ཀྲེ་ཡིས་ཊོམ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཉི་ཧོང་གི་སྲིད་བློན་ཨ་བྷེ་ཡིས་དེའི་སྐོར་ལ་བསམ་ཚུལ་ཆེན་པོ་བརྗོད་མེད་ཀྱང་། ཊོམ་གྱི་བསམ་ཚུལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་སྐོར་འདུག ཧྥ་རན་སིའི་སྲིད་འཛིན་མེར་ཁོན་གྱིས་ཨུ་རུ་སུ་དང་འབྲེལ་ལམ་ཉར་རྒྱུ་གལ་ཆེན་ཡིན་པ་ངོས་འཛིན་བྱས་ཀྱང་། ཨུ་རུ་སུ་ལྷན་ཚོགས་ནང་བསྐྱར་དུ་སྐད་གཏོང་རྒྱུར་རྒྱབ་སྐྱོར་བྱས་མེད་འདུག དེ་བཞིན་འཇར་མན་དང་ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱི་འགོ་ཁྲིད་ཚོས་ཨུ་རུ་སུའི་དམག་མི་ཡུག་ཀེ་རན་ནས་ཚང་མ་ཕྱིར་འཐེན་མ་བྱས་བར་དུ། ལྷན་ཚོགས་ནང་བསྐྱར་དུ་སྐད་གཏོང་རྒྱུར་བསམ་ཞིབ་བྱེད་ཐབས་མེད་པའི་བརྡ་ལན་གསལ་པོ་སྤྲད་ཡོད་འདུག 

དེ་ཡང་ཨ་རིའི་ནང་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་པར་དོགས་པ་སློང་མཁན་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་མེད་ལ་མ་ལྟོས་པར། ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས། སྟོབས་ཆེན་རྒྱལ་ཁབ་ཀྱི་ལྷན་ཚོགས་ནང་བསྐྱར་དུ་འཇུག་ཐབས་བྱེད་བཞིན་ཡོད་པ་རེད། ཧྥ་རན་སིའི་སྲིད་འཛིན་གྱིས་གསར་འགོད་ལྷན་ཚོགས་ལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བར་ཨུ་རུ་སུ་བསྐྱར་དུ་སྐད་གཏོང་བའི་བསམ་ཚུལ་ཐད་གྲོས་མཐུན་བྱུང་མེད་པ་དང་། གནད་དོན་དེའི་རིགས་ལ་ཚོགས་མི་རྒྱལ་ཁབ་༧ གྱིས་སྤྱི་མོས་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཡིན་སྐོར་བརྗོད་འདུག 

སྲིད་འཛིན་ཊོམ་གྱིས་ཁག་ཅིག་གིས་ཁོང་དང་མོས་མཐུན་བྱེད་ཀྱི་ཡོད་པ་དང་། ཁག་ཅིག་གིས་བྱེད་ཀྱི་མེད་པས། གཅིག་བྱས་ན་གནད་དོན་དེའི་གནས་བབ་རང་དགར་འཇོག་སྲིད་སྐོར་བརྗོད་འདུག 

སྟོབས་ཆེན་རྒྱལ་ཁབ་༧ གྱི་ལྷན་ཚོགས་ནི་འཛམ་གླིང་ནང་དཔལ་འབྱོར་ཡར་ཐོན་གྱི་རྒྱལ་ཁབ་ཤ་སྟག་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོར་རྒྱལ་ཁབ་དེ་དག་གིས་རྒྱལ་སྤྱིའི་དཔལ་འབྱོར་བརྒྱ་ཆ་༥༨ བདག་བཟུང་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༡༤ ལོ་བར་ལྷན་ཚོགས་དེར་ཚོགས་མི་༨ ཡོད་པས་སྟོབས་ཆེན་རྒྱལ་ཁབ་༨ ཀྱི་ལྷན་ཚོགས་བརྗོད་ཀྱི་ཡོད་ཀྱང་། ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཡུག་ཀེ་རན་གྱི་ས་ཁོངས་ཤིག་ཏུ་བཙན་འཛུལ་བྱས་རྐྱེན་ལྷན་ཚོགས་ནས་ཕྱིར་འབུད་བཏང་ཡོད་པ་རེད། ལྷན་ཚོགས་དེར་སྐབས་རེ་རྒྱལ་ཁབ་དང་མཐུན་ཚོགས་གཞན་མགྲོན་འབོད་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་ཨོ་སི་ཀྲོ་ལི་ཡ། བྷུར་ཀི་ན་ཧྤ་སོ། ཆཱི་ལི། ཨི་ཇེབ། རྒྱ་གར། རཱ་ཝན་ཌ། སཱི་ནི་གྷལ། ལྷོ་ཨ་ཧྥེ་རི་ཀ སཱེ་པན་བཅས་མགྲོན་འབོད་བྱས་ཡོད་འདུག ལྷན་ཚོགས་དེར་ཡུ་རོབ་མཐུན་ཚོགས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་ཀྱང་། ཚོགས་མིའི་དབང་ཚད་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།