ཊོམ་དང་ཨུ་རུ་སུ་ངན་པ་ལག་སྦྲེལ་བྱས་པའི་དཔང་རྟགས་རྙེད་སོན་བྱུང་མི་འདུག
ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་སྐབས་དེའི་འོས་མི་ཊོམ་དང་ཨུ་རུ་སུ་བར་ངན་པ་ལག་སྦྲེལ་བྱས་ཏེ། ཨ་རིའི་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་མེད་ཐོག་གི་ཞིབ་འཇུག་གི་གྲུབ་དོན་དེ། ཨ་རིའི་ནང་ཡུན་རིང་ནས་ངང་སྒུག་བྱས་ཡོད་པ་དང་། ཉེ་ཆར་དེ་མཇུག་བསྒྲིལ་ནས་དེའི་སྙིང་དོན་དུ་ཊོམ་གྱིས་ཨུ་རུ་སུ་དང་ངན་པ་ལག་སྦྲེལ་བྱས་པའི་དཔང་རྟགས་རྙེད་སོན་བྱུང་མེད་སྐོར་འཁོད་འདུག འོན་ཀྱང་སྲིད་འཛིན་ཊོམ་གྱིས་གནད་དོན་དེའི་ཐོག་ཞིབ་འཇུག་འགྲོ་བཞིན་པའི་སྐབས་སུ། དྲང་བདེན་བཀག་འགོག་བྱེད་ཆེད་གནོན་ཤུགས་སྤྲད་པའི་ནག་ཉེས་ཡོད་མེད་ཐག་གཅོད་བྱས་མེད་པ་རེད།
ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་སྐབས་དེའི་འོས་མི་ཊོམ་དང་ཨུ་རུ་སུ་བར་ངན་པ་ལག་སྦྲེལ་བྱས་ཏེ། ཨ་རིའི་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་མེད་ཐོག་གི་ཞིབ་འཇུག་གི་གྲུབ་དོན་དེ། ཨ་རིའི་ནང་ཡུན་རིང་ནས་ངང་སྒུག་བྱས་ཡོད་པ་དང་། ཉེ་ཆར་དེ་མཇུག་བསྒྲིལ་ནས་དེའི་སྙིང་དོན་དུ་ཊོམ་གྱིས་ཨུ་རུ་སུ་དང་ངན་པ་ལག་སྦྲེལ་བྱས་པའི་དཔང་རྟགས་རྙེད་སོན་བྱུང་མེད་སྐོར་འཁོད་འདུག འོན་ཀྱང་སྲིད་འཛིན་ཊོམ་གྱིས་གནད་དོན་དེའི་ཐོག་ཞིབ་འཇུག་འགྲོ་བཞིན་པའི་སྐབས་སུ། དྲང་བདེན་བཀག་འགོག་བྱེད་ཆེད་གནོན་ཤུགས་སྤྲད་པའི་ནག་ཉེས་ཡོད་མེད་ཐག་གཅོད་བྱས་མེད་པ་རེད།
ཟླ་༣ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གཞུང་གི་གསང་བའི་རྟོག་ཞིབ་ལས་ཁང་གི་དམིགས་བསལ་ཚོགས་ཆུང་ཞིག་གིས། ལོ་གཉིས་ལྷག་རིང་སྲིད་འཛིན་ཊོམ་དང་ཁོང་གི་འོས་བསྡུའི་དྲིལ་བསྒྲགས་ཚོགས་ཆུང་། ཡང་ན་ཁོང་དང་འབྲེལ་བ་ཡོད་པའི་མི་སྣས། ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ། ངན་པ་ལག་སྦྲེལ་བྱས་ཏེ་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་མེད་ཀྱི་ཞིབ་འཇུག་བྱས་ཡོད་པ་དང་། ཟླ་༣ པའི་ཚེས་༢༢ ཉིན་ཞིབ་འཇུག་གི་གྲུབ་དོན་སྙན་ཐོ་དེ་ཨ་རིའི་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ལ་མཁོ་སྤྲོད་བྱས་ཡོད་འདུག ཟླ་༣ པའི་ཚེས་༢༤ ཉིན་ཁྲིམས་དོན་སྤྱི་ཁྱབ་ཀྱིས་སྙན་ཐོ་དེའི་སྙིང་དོན་ཕྱོགས་བསྡོམས་བྱས་པའི་ཡིག་ཆ་ཞིག ཨ་རིའི་གྲོས་ཚོགས་སུ་མཁོ་སྤྲོད་བྱས་འདུག
ད་ལྟའི་ཆར་ཞིབ་འཇུག་གི་སྙན་ཐོ་ཆ་ཚང་ཡོང་གྲགས་སུ་འགྲེམས་སྤེལ་བྱས་མེད་ཁར། དེའི་ནང་ནས་གསང་བ་ཉར་དགོས་པའི་ཡིག་ཆ་ཁག་ཅིག་ཡོངས་གྲགས་བྱེད་རྒྱུ་མེད་པས། ཡིག་ཆ་རྣམས་དབྱེ་བ་འབྱེད་བཞིན་ཡོད་སྐོར་བརྗོད་འདུག གང་ལྟར་སྙན་ཐོའི་སྙིང་དོན་དུ། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གིས་སྲིད་འཛིན་ཊོམ་དང་སྲིད་འཛིན་ཁོང་གི་འོས་བསྡུའི་དྲིལ་བསྒྲགས་ཚོགས་ཆུང་། ཡང་ན་ཁོང་དང་འབྲེལ་བ་ཡོད་པའི་མི་སྣས། ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ། ཨུ་རུ་སུ་དང་ངན་པ་ལག་སྦྲེལ་བྱས་ཏེ་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱས་པའི་དཔང་རྟགས་རྙེད་སོན་བྱུང་མེད་པ་དང་། དེ་བཞིན་གནད་དོན་དེའི་ཐོག་ཞིབ་འཇུག་གི་ལས་དོན་ཐོག སྲིད་འཛིན་ཊོམ་གྱིས་དྲང་བདེན་བཀག་འགོག་ཡོང་ཆེད་གནོན་ཤུགས་སྤྲད་པའི་ནག་ཉེས་ཡོད་མེད་ཐག་གཅོད་བྱས་མི་འདུག
སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཞིབ་འཇུག་གི་གྲུབ་དོན་དེས་ཁོང་གིས་ཨུ་རུ་སུ་དང་ངན་པ་ལག་སྦྲེལ་བྱས་མེད་པ་དང་། དྲང་བདེན་བཀག་འགོག་བྱས་མེད་པ་ཐོན་ཡོད་སྐོར་དང་། ཁོང་ལ་ཉེས་འཛུགས་བྱས་པ་ཚང་མ་ནག་ཉེས་མེད་པ་ར་སྤྲོད་བྱུང་སྐོར་བྲིས་ཡོད་འདུག་ཀྱང་། ཞིབ་འཇུག་གི་གྲུབ་དོན་ནང་ཁོང་གིས་དྲང་བདེན་བཀག་འགོག་བྱས་མེད་པ་ཡང་ཐག་གཅོད་བྱས་མེད་ཅེས་གསལ་པོ་བྲིས་ཡོད་འདུག་པས། མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འགོ་ཁྲིད་ལྕམ་ནན་སི་པཱི་ལོ་སི་དང་། མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འགོ་ཁྲིད་ཆཱག་ཤུ་མེར་གཉིས་ཀྱིས། ཞིབ་འཇུག་གི་སྙན་ཐོ་ཆ་ཚང་ཕྱིར་བསྒྲགས་བྱེད་དགོས་རྒྱུ་དེ་གལ་ཆེན་ཆགས་ཡོད་པ་དང་། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གིས་སྲིད་འཛིན་ཊོམ་གྱིས་དྲང་བདེན་བཀག་འགོག་བྱེད་ཐབས་བྱས་མེད་པ་ར་སྤྲོད་བྱས་མེད་ཁར། དེ་སྔོན་ནས་ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་པས་ཞིབ་འཇུག་དེའི་ཐོག་ཕྱོགས་ལྷུང་གི་བསམ་ཚུལ་ཡོད་པ་གསལ་པོ་ཆགས་ཡོད་པས། ཁོང་གི་ཞིབ་འཇུག་གི་སྙིང་དོན་ཡིག་ཆ་དེར་ཆ་འཇོག་བྱེད་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གིས། ཨུ་རུ་སུ་དང་འབྲེལ་ཡོད་མི་སྣ་དང་ཚོགས་པ་ཁག་ཅིག་གིས། ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་རྫུན་མ་སྤེལ་ཏེ་ཨ་རིའི་འོས་བསྡུར་ཤུགས་རྐྱེན་བཟོས་ཡོད་པ་དང་། དེ་བཞིན་མང་གཙོ་ཚོགས་པ་དང་འབྲེལ་ཡོད་མི་སྣའི་གློག་འཕྲིན་ནང་དྲ་ཐོག་འཇབ་རྒོལ་བྱས་ཏེ། གསང་བའི་གནས་ཚུལ་མང་པོ་ཞིག་ཕྱིར་བསྒྲགས་བྱས་ཏེ། ཊོམ་གྱི་ཁ་གཏད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧཱི་ལ་རཱི་ཁེལ་ཀྲོན་ལ་གནོད་སྐྱོན་བཏང་ཡོད་ཀྱང་། བྱ་སྤྱོད་དེ་གཉིས་ནང་ཊོམ་དང་ཁོང་གི་འབྲེལ་ཡོད་མི་སྣ། འོས་བསྡུའི་དྲིལ་བསྒྲགས་མི་སྣ་སོགས་ལ། ཨུ་རུ་སུས་ཐེངས་ཁ་ཤས་འབྲེལ་བ་བྱས་ཏེ་ངན་པ་ལག་སྦྲེལ་བྱེད་པའི་གོ་སྐབས་སྤྲད་ཀྱང་། མོས་མཐུན་བྱས་པའམ་འདོད་མོས་ཡོད་པའི་རྣམ་སྟོན་པ་སོགས་ཀྱིས་དཔང་རྟགས་རྙེད་སོན་བྱུང་མེད་སྐོར། དེ་བཞིན་གནད་དོན་དེའི་ཐོག་ཞིབ་འཇུག་གི་ལས་དོན་ལ་གནོན་ཤུགས་སྤྲད་ནས་དྲང་བདེན་བཀག་འགོག་བྱེད་ཐབས་བྱས་པའི་ནག་ཉེས་ར་སྤྲོད་བྱས་མེད་ཁར། བྱས་མེད་པ་ཡང་ར་སྤྲོད་བྱས་མེད་པས། ནག་ཉེས་བྱས་ཡོད་མེད་ཀྱི་ར་སྤྲོད་ལས་དོན་དེ་ནི་གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་དགོས་པ་ཡིན་སྐོར་མང་གཙོ་ཚོགས་པས་བརྗོད་འདུག
ཟླ་༣ པའི་ཚེས་༡༤ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཞིབ་འཇུག་མཇུག་བསྒྲིལ་རྗེས་སྙན་ཐོ་དེ་ཡོང་གྲགས་སུ་ཕྱིར་བསྒྲགས་བྱེད་དགོས་པའི་གྲོས་ཆོད་ལ། འཐུས་མི་༤༢༠ ཆ་ཚང་གིས་རྒྱབ་སྐྱོར་བྱས་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༨ ལོའི་ཨ་རིའི་གྲོས་ཚོགས་ཀྱིས་བར་མའི་འོས་བསྡུར། གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པར་མང་མོས་ཀྱི་རྒྱལ་ཁ་ཐོབ་རྗེས། སྲིད་འཛིན་ཊོམ་ཐོག་ཞིབ་འཇུག་གི་ཚོགས་ཆུང་མི་འདྲ་བ་༥ བཙུགས་ནས་ལས་དོན་འགྲོ་བཞིན་པ་རེད་འདུག
གལ་ཏེ་ཞིབ་འཇུག་དེ་ལ་བརྟེན་ནས་སྲིད་འཛིན་ཊོམ་ལ་ནག་ཉེས་བཙུགས་མ་ཐུབ་ཚེ། ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུར། མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་མིན་ངེས་གཏན་མེད་པ་ཆགས་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།