ཊོམ་ལ་དངོས་སུ་ཉེས་འཛུགས་བྱས་འདུག་ཀྱང་གནས་དབྱུང་གཏོང་ཐུབ་རྒྱུ་ཁག་པོ་ཡིན་འདུག
མང་གཙོ་ཚོགས་པའི་ཚོགས་མི་མང་ཆེ་བ་ཡིན་པའི་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། སྲིད་འཛིན་ཊོམ་ལ་དོན་ཚན་གཉིས་ཐོག་ཉེས་འཛུགས་དངོས་སུ་བྱེད་པར་མང་མོས་རྒྱབ་སྐྱོར་ཐོབ་ནས། ལོ་རྒྱུས་ནང་དངོས་སུ་ཉེས་འཛུགས་བྱས་པའི་སྲིད་འཛིན་གསུམ་པ་དེ་ཆགས་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་བ་ཡོད་པས། ཊོམ་གནས་དབྱུང་གཏོང་བར་མང་མོས་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཆགས་ཡོད་འདུག
ཟླ་༡༢ པའི་ཚེས་༡༠ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གིས། སྲིད་འཛིན་ཊོམ་གྱིས་དབང་ཆ་ལོག་སྤྱོད་དང་གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་བཅས་དོན་ཚན་གཉིས་ལ་ཉེས་འཛུགས་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་དང་། དེའི་རྗེས་སུ་དོན་ཚན་དེ་གཉིས་ཐོག་ཁྲིམས་ཞིབ་ཚོགས་ཆུང་ལ་བགྲོ་གླེང་བྱས་ཏེ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཟླ་༡༢ པའི་ཚེས་༡༨ ཉིན་གྲོས་ཚོགས་འོག་མའི་ནང་དངོས་སུ་སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་པའི་དོན་ཚན་དེ་གཉིས་ཐོག་བགྲོ་གླེང་དང་འོས་བསྡུ་བྱས་ཡོད་པ་རེད།
ཉེས་འཛུགས་ཀྱི་དོན་ཚན་དང་པོ་ནི་དབང་ཆ་ལོག་སྤྱོད་ཡིན་པ་དང་། དེ་ཡང་སྲིད་འཛིན་ཊོམ་གྱིས་ཡུག་ཀེ་རན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་སྒེར་དང་འབྲེལ་ཡོད་བརྒྱུད་ནས། ཨ་རིའི་སྲིད་འཛིན་ཟུར་པ་དང་ཕྱི་ལོ་༢༠༢༠ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་ཇཱོ་བྷེ་ཌན་ནག་པོ་བཟོ་ཆེད་དང་། འོས་བསྡུར་ཤུགས་རྐྱེན་སྤྲོད་ཆེད་དུ། ཡུག་ཀེ་རན་ནང་ཁོང་དང་ཁོང་གི་བུ་འབྲེལ་བའི་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཀྱི་ལས་དོན་འགོ་འཛུགས་དགོས་པ་དང་དེ་ཡོངས་གྲགས་བཟོ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ། དེ་བཞིན་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་འོས་བསྡུར་ཨུ་རུ་སུ་མིན་པར་ཡུག་ཀེ་རན་གྱིས་ཐེ་བྱུས་བྱས་པའི་འདོད་ཚུལ་དེར་རྟོག་ཞིབ་གསལ་བསྒྲགས་ཀྱང་བྱས་དགོས་ཚུལ་བརྗོད་ཡོད་པ། དེ་ཡང་གནོན་ཤུགས་སྤྲོད་ཆེད་དུ་ཨ་རིའི་གྲོས་ཚོགས་ནས་ཡུག་ཀེ་རན་ལ་ཨུ་རུ་སུའི་བཙན་འཛུལ་དང་དྲག་རྒོལ་ལ་ཁ་གཏད་གཅོག་ཆེད་དུ། བདེ་སྲུང་རོགས་དངུལ་ཨ་སྒོར་ས་ཡ་༣༩༡ སྤྲོད་རྒྱུ་རྒྱབ་སྐྱོར་ཐོབ་པ་དེ་གནས་སྐབས་བཀག་འགོག་བྱས་ཡོད་པ་དང་། དེ་བཞིན་གལ་ཏེ་ཊོམ་གྱི་རེ་བ་སྒྲུབ་ཚེ་གཞུང་འབྲེལ་ཐོག་ནས་ཕྱོགས་གཉིས་བར་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ནས། ཨ་རིའི་རྒྱབ་སྐྱོར་གྱི་རྣམ་པ་སྟོན་རྒྱུ་བྱས་ཡོད་པ་དང་། སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་སྲིད་འཛིན་ལས་ཁུངས་ལ་ཡོད་པའི་དབང་ཆ་ལོག་སྤྱོད་བྱས་ཡོད་པ་མ་ཟད། རྩ་ཁྲིམས་ལ་རྩིས་མེད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་རྩིས་མེད་དང་ཉེན་ཁ་བཟོས་པ། དེ་བཞིན་ཨ་རིའི་མང་གཙོའི་ལམ་ལུགས་རྡོག་རོལ་གཏོང་ཆེད་དུ་དབང་ཆ་བེད་ལོག་བྱས་ཏེ། ཕྱིའི་རྒྱལ་ཁབ་ཀྱི་རོགས་པ་སློང་ཡོད་པས། རྒྱལ་ཁབ་བཙོང་བ་ལས་དོན་ལ་འཇུག་པ་ཡོད་པའི་ཉེས་འཛུགས་བྱས་ཡོད་པས། ཉེས་འཛུགས་དོན་ཚན་དེར་གྲོས་ཚོགས་འཐུས་མི་༢༣༠ ཡིས་རྒྱབ་སྐྱོར་བྱས་འདུག་པ་དང་། ༡༩༧ གྱིས་དགག་བྱ་བྱས་འདུག
དེ་བཞིན་ཉེས་འཛུགས་དོན་ཚན་གཉིས་པ་ནི་གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་སྟེ། གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་གྱི་ཉེས་འཛུགས་ལས་དོན་ཆེད་དུ། སྲིད་འཛིན་ཊོམ་དང་སྲིད་གཞུང་། འབྲེལ་ཡོད་དཔོན་རིགས། དེ་བཞིན་ལས་བྱེད་ཟུར་པ་སོགས་གྲོས་ཚོགས་ཁང་དུ་ཉན་ཞིབ་ཆེད་དུ་འབོད་འགུག་དང་། ཡིག་ཆ་མཁོ་སྤྲོད་དགོས་པའི་བཀའ་ཁྱབ་བཏང་བར། སྲིད་འཛིན་ཊོམ་གྱིས་ཨ་རིའི་གཞུང་དང་འབྲེལ་ཡོད་ལས་ཁུངས། དེ་བཞིན་ད་ཡོད་དང་ལས་བྱེད་ཟུར་པ་རྣམས་ལ། གྲོས་ཚོགས་འོག་མའི་འབོད་འགུག་བཀའ་ཁྱབ་ལ་རྩིས་མེད་བྱེད་དགོས་པའི་བཀའ་བཏང་བར་བརྟེན། གཞུང་དང་ལས་བྱེད་༩ ཡིས་གྲོས་ཚོགས་འོག་མར་རྩིས་མེད་ཀྱིས་ཉན་ཞིབ་ལ་སླེབས་མེད་པས། སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་དབང་ཆ་ལོག་སྤྱོད་དང་། རྩ་ཁྲིམས་དང་མི་མང་ལ་རྒྱབ་འགལ་སོང་བ། གྲོས་ཚོགས་ལ་རྩིས་མེད་དང་གྲོས་ཚོགས་ཀྱི་ལས་དོན་འགོག་རྐྱེན་བཟོས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། དོན་ཚན་དེར་གྲོས་ཚོགས་འཐུས་མི་༢༢༩ ཡིས་རྒྱབ་སྐྱོར་དང་༡༩༨ ཀྱིས་དགག་བྱ་བྱས་ནས། ཉེས་འཛུགས་ཀྱི་དོན་ཚན་གཉིས་ཀར་མང་མོས་རྒྱབ་སྐྱོར་ཐོབ་ནས། སྲིད་འཛིན་ཊོམ་ལ་གྲོས་ཚོགས་འོག་མ་ནས་དངོས་སུ་ཉེས་འཛུགས་བྱས་འདུག་པས། གྲོས་ཚོགས་གོང་མའི་ནང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཡོད་པའི་ཐོག་ནས། གནད་དོན་དེའི་ཐོག་ཉན་ཞིབ་བྱེད་དགོས་ཀྱི་ཡོད་པ་དང་། མཐའ་མར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་བཤེར་དཔང་གི་ངོ་བོའི་ཐོག་ནས། སྲིད་འཛིན་གྱི་ནག་ཉེས་ར་སྤྲོད་བྱེད་པར་རྒྱབ་སྐྱོར་ཡོད་མེད་ཐོག་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་རེད། གལ་རེ་འོས་ཤོག་འཕངས་ཏེ་གསུམ་ཆ་གཉིས་ཀྱིས་སྲིད་འཛིན་གྱིས་ནག་ཉེས་བསགས་ཡོད་པར་རྒྱབ་སྐྱོར་བྱས་ཚེ། སྲིད་འཛིན་དེ་རང་བཞིན་གྱིས་གནས་དབྱུང་གཏོང་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་ཆེ་བ་ཡོད་པས། སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་བ་ཡོད་པས། ཉན་ཞིབ་གང་འདྲ་འགྲོ་མིན་ལ་མ་ལྟོས་པར། སྤྱི་མཐུན་ཚོགས་པའི་ཆེ་མཐོང་སྲུང་སྐྱོབ་དང་༢༠༢༠ ལོའི་འོས་བསྡུའི་ཁེ་ཕན་ཆེད་དུ། སྲིད་འཛིན་ཊོམ་གནས་དབྱུང་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་ཡིན་འདུག དེ་ཡང་འཐུས་མི་༡༠༠ ཡོད་པའི་གྲོས་ཚོགས་གོང་མའི་ནང་། སྤྱི་མཐུན་ཚོགས་པའི་ཚོགས་མི་༥༣ དང་མང་གཙོ་ཚོགས་པའི་ཚོགས་མི་༤༥། རང་དབང་ཅན་གྱི་གྲོས་ཚོགས་འཐུས་མི་༢ བཅས་འདུག་པ་དང་། སྲིད་འཛིན་ཊོམ་གྱི་ནག་ཉེས་ར་སྤྲོད་བྱེད་པར་གྲོས་ཚོགས་འཐུས་མི་༦༧ གྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་འདུག
གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་ཚོགས་པའི་འགོ་ཁྲིད་ཀྱིས། ཉན་ཞིབ་སྐབས་སུ་སྲིད་འཛིན་ཊོམ་གྱི་སྲིད་གཞུང་དང་མཉམ་ལས་བྱེད་རྒྱུ་ཡིན་སྐོར་བསྒྲགས་ནས། ཕྱོགས་ལྷུང་མེད་པའི་བཤར་དཔང་གི་ངོ་བོའི་ཐོག་ལས་འགན་སྒྲུབ་རྒྱུའི་བསམ་བློ་མེད་པ་མངོན་གསལ་དོད་པོ་ཆགས་ཡོད་པ་དང་། སྐྱོན་བརྗོད་ཀྱང་བྱེད་མཁན་བྱུང་འདུག
ཉེས་འཛུགས་དོན་ཚན་གཉིས་ལ་འོས་བསྡུ་བྱས་སྐབས། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་དོན་ཚན་དེ་གཉིས་ལ་དགག་བྱས་ཡོད་པ་ལས། གཞན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚང་མས་དོན་ཚན་དེ་གཉིས་ལ་རྒྱབ་སྐྱོར་བྱས་འདུག དེ་བཞིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚང་མས་དོན་ཚན་གཉིས་ཀར་དགག་བྱས་འདུག་པས། འོས་ཤོག་འཕེན་སྟངས་དེས་སྲེིད་དོན་ཚོགས་པ་གཉིས་བར་གྱི་འགལ་ཟླ་མངོན་གསལ་དོད་པོ་ཆགས་འདུག
ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་ཆེད་གྲོས་ཚོགས་འོག་མའི་ནང་དུ། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། སྲིད་འཛིན་ཊོམ་གྱི་བྱ་སྤྱོད་ལ་བརྟེན་ནས་ཉེས་འཛུགས་མི་བྱེད་དཀའ་མེད་ཆགས་ཡོད་སྐོར་བརྗོད་འདུག་ཀྱང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཉེས་འཛུགས་ཀྱི་ལས་དོན་དེ་དྲང་བདེན་ཞིག་བྱུང་མེད་པའི་སྐྱོན་བརྗོད་བྱས་འདུག སྲིད་འཛིན་ཊོམ་གྱིས་ཀྱང་ལས་དོན་དེ་འགྲོ་བཞིན་པའི་སྐབས་སུ། ལས་དོན་དེར་དགག་བྱ་དང་རང་ཉིད་ཉེས་མེད་ཡིན་སྐོར་བསྒྲགས་འདུག
ཉེས་འཛུགས་ཀྱི་ལས་རིམ་འགོ་འཛུགས་མ་བྱས་པའི་ཉིན་གཅིག་སྔོན་དུ། ཨ་རིའི་གྲོང་ཁྱེར་ཆེ་གྲས་ཁག་ཅིག་ཏུ། སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་པར་རྒྱབ་སྐྱོར་ཡོད་མཁན་མི་མང་ཚོས་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འདུག
སྲིད་འཛིན་ཊོམ་ནས་ཉེས་འཛུགས་ཀྱི་ལས་དོན་དེའི་མགོ་སྟོད་ནས་རང་ཉིད་ཉེས་མེད་ཡིན་སྐོར་ནན་བརྗོད་བྱེད་བཞིན་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་ཚོས་ཀྱང་ཁོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད་ལ། ཨ་རིའི་གཞུང་གིས་སྲིད་འཛིན་གྱིས་གྲོས་ཚོགས་གོང་མའི་ནང་རང་ཉིད་ཉེས་སེལ་ཡོང་རྒྱུའི་གདེང་ཚོད་ཆེན་པོ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག ཊོམ་ལ་ཉེས་འཛུགས་བྱུང་ནས་ལོ་རྒྱུས་ནང་ཁོང་ནག་པོ་ཆགས་རྒྱུ་ཡིན་པ་ལས། གནས་དབྱུང་གཏོང་ཐུབ་རྒྱུ་ཁག་པོ་ཆགས་ཡོད་ཁར། ཉེས་འཛུགས་ལས་དོན་དེ་ལ་བརྟེན་ནས། ༢༠༢༠ ལོའི་སྲིད་འཛིན་འོས་བསྡུར་ཁོང་ལ་ཁེ་ཕན་བྱུང་དང་གྱོང་གུད་ཐེབས་རྒྱུ་ཡིན་པ་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན་པ་དང་། དེ་སྔོན་མང་གཙོ་ཚོགས་པའི་འགོ་ཁྲིད་ནང་ཡང་ལས་དོན་དེ་ལ་བརྟེན་ནས། ཊོམ་ལ་དྲང་བདེན་མ་བྱས་པར་ངོས་འཛིན་དང་རྒྱབ་སྐྱོར་བྱེད་མཁན་མང་དུ་ཡང་འགྲོ་སྲིད་པའི་ཉེན་ཁ་ཡོད་པའི་བསམ་ཚུལ་འཛིན་མཁན་ཡོད་འདུག
ཨ་རིའི་ལོ་རྒྱུས་ནང་ད་བར་སྲིད་འཛིན་ཊོམ་གྱི་སྔོན་ལ་སྲིད་འཛིན་གཉིས་ལ་གྲོས་ཚོགས་འོག་མ་ནས་ཉེས་འཛུགས་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མ་ནས་ཉེས་སེལ་བྱས་ཡོད་པ་དང་། སྲིད་འཛིན་གཅིག་གྲོས་ཚོགས་འོག་མའི་ནང་ཁོང་ལ་ཉེས་འཛུགས་ཆེད་དུ་འོས་ཤོག་ལས་རིམ་འགྲོ་བའི་སྔོན་ཚུད་ནས་རྩ་དགོངས་ཞུས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།