ཏ་ལི་བྷན་གྱིས་འཇིགས་སྐུལ་རིང་ལུགས་པའི་འགོ་ཁྲིད་ཨབ་གྷན་ནང་ཡོད་པ་སྔོན་ཚུད་ནས་ཤེས་ཀྱི་མེད་སྐོར་བརྗོད་འདུག 

ཉེ་ཆར་ཨ་རིས་ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་ནང་དུ་འཇིགས་སྐུལ་རིང་ལུགས་པའི་འགོ་ཁྲིད་གཙོ་བོ་ཞིག་བསད་རྗེས། ཨབ་གྷན་གྱི་སྲིད་དབང་བཙན་འཕྲོག་བྱེད་མཁན་ཏ་ལི་བྷན་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་དེ་འགེབས་སྲུང་བྱས་ཡོད་མེད་ཀྱི་གླེང་སློང་བྱུང་ཡོད་པས། ཏ་ལི་བྷན་སྲིད་གཞུང་གིས་གནད་དོན་དེའི་ཐད་སྔོན་ཚུད་ནས་ཤེས་རྟོགས་གང་ཡང་མེད་སྐོར་བརྗོད་འདུག 

ཟླ་༨ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨབ་གྷ་ནི་སེ་ཐན་གྱི་སྲིད་དབང་བཙན་འཕྲོག་བྱེད་མཁན་ཏ་ལི་བྷན་སྲིད་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ནས། ཨབ་གྷ་ནི་སེ་ཐན་ལ་རྒྱལ་ས་ཀ་བྷུལ་དུ་ཨཱལ་ཛ་ཧ་ཝ་རཱི་སླེབས་ནས་གནས་སྡོད་བྱེད་ཀྱི་ཡོད་པའི་གནས་ཚུལ་གང་ཡང་ཤེས་ཀྱི་མེད་པས། རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་གསང་བ་དང་རྟོག་ཞིབ་ལས་ཁུངས་ཚོས་གནས་ཚུལ་དེའི་ཕྱོགས་མང་པོ་ཞིག་གི་ཐོག་ཞིབ་འཇུག་ནན་པོ་དང་ཞིབ་ཕྲ་བྱེད་པའི་བཀའ་བཏང་ཡོད་ཅེས་བརྗོད་འདུག 

དེ་ཡང་ཟླ་༨ པའི་ཚེས་༡ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་མང་ཚོགས་ལ་གཏམ་བཤད་ཅིག་སྤེལ་ནས། ཨ་རིས་ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀཱ་བྷུལ་ནང་དུ་རང་ལོ་༧༡ ལ་སོན་པའི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁེའུ་ཌའི་འགོ་ཁྲིད་(Ayman al-Zawahiri)ཨཱལ་ཛཱ་ཝ་རཱི་བསད་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་པ་དེས་ད་བར་ཨ་རིར་དྲག་རྒོལ་ཐེངས་མང་པོའི་འཆར་གཞི་འཐེན་མཁན་ཞིག་ཡིན་པའི་ཐོག ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་མི་མང་གསུམ་སྟོང་ཙམ་བསད་པའི་དྲག་རྒོལ་དེའི་འགན་གཙོ་བོ་ཡོད་མཁན་ཞིག་ཡིན་པས། ཐེངས་འདིར་ཁོ་བསད་ནས་ཚེ་སྲོག་ཤོར་མཁན་གྱི་ཨ་རིའི་མི་མང་དང་དེ་དག་གི་ནང་མིར་དྲང་བདེན་སྤྲད་ཐུབ་ཡོད་སྐོར་དང། ཨ་རིའི་བདེ་འཇགས་ལ་ཉེན་ཚབས་བཟོ་མཁན་འཇིགས་སྐུལ་རིང་ལུགས་པ་གཞན་ཚོར་ཡང་སྔ་ཕྱི་མ་གཏོགས་ཨ་རིས་བཙལ་ནས་གསོད་རྒྱུ་ཡིན་པའི་སྡིགས་བསྐུལ་བྱས་འདུག

དེ་ཡང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ལོ་འདིའི་མགོ་སྟོད་ནས་ཁོ་གང་དུ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཐེངས་འདིར་ཨ་རིའི་སྲིད་འཛིན་གྱི་ཆོག་མཆན་འོག་ཁ་ལོ་བ་མེད་པའི་གནམ་གྲུ་ཌེ་རོན་བེད་སྤྱོད་བཏང་ནས། འཇིགས་སྐུལ་རིང་ལུགས་པ་དེའི་ཐོག་ཏུ་མེ་ཤུགས་འཕུར་མདའ་འཕངས་ནས་བསད་ཡོད་པ་རེད་འདུག

ཨ་རི་དང་ཨབ་གྷ་ནི་སེ་ཐན་གྱི་ཏ་ལི་བྷན་སྲིད་གཞུང་གཉིས་བར་གྲོས་མཐུན་བཞག་ནས། ཨབ་གྷན་ནང་དུ་འཇིགས་སྐུལ་རིང་ལུགས་པ་སྲུང་སྐྱོབ་དང་ཉར་འཇོག་མི་བྱེད་པའི་ཁས་ལེན་བྱུང་ཡོད་འདུག་ཀྱང་། ཐེངས་འདིར་ཨལ་ཁེའུ་ཌའི་འགོ་ཁྲིད་ཨབ་གྷན་གྱི་རྒྱལ་སར་ཡོད་པའི་གནས་ཚུལ་ཐོན་རྗེས། ཏ་ལི་བྷན་ངོ་ཚ་བོ་ཆགས་ཡོད་པ་རེད་འདུག ཨ་རིའི་མཐོ་རིམ་ལས་བྱེད་ཅིག་གིས་ཏ་ལི་བྷན་གྱི་རྒྱབ་སྐྱོར་མེད་པར། འཇིགས་སྐུལ་རིང་ལུགས་པ་དེ་ཨབ་གྷན་གྱི་རྒྱལ་སར་གནས་སྡོད་བྱེད་ཐུབ་ཐབས་མེད་པ། དེ་བཞིན་འཇིགས་སྐུལ་རིང་ལུགས་པ་དེ་བསད་ཟིན་རྗེས། ཏ་ལི་བྷན་གྱིས་གསོད་ཡུལ་དེར་བཀག་སྡོམ་བྱས་པ། མགྱོགས་མྱུར་ངང་འཇིགས་སྐུལ་རིང་ལུགས་པ་དེའི་ནང་མི་རྣམས་ས་གནས་གཞན་དུ་ཁྲིད་པ་སོགས་བྱས་ཡོད་པས། ཏ་ལི་བྷན་གྱི་དྲག་དམག་སྡེ་ཚན་ཁོངས་ནས་ཧཱ་ཁ་ནཱི་དམག་སྡེ་ནས་གནད་དོན་དེའི་ཐོག་སྔོན་ཚུད་ནས་ཤེས་རྟོགས་ཡོད་པ་གསལ་པོ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།