ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཡིག་འབྲི་ཐབས་སྐོར་གྱི་ཟབ་སྦྱོང་། 

ཟླ་འདིའི་ཚེས་༡༢ ནས་ཉིན་གཉིས་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་དང་། སྐབས་བཅུ་པའི་སློབ་གཉེར་ལྷན་ཚོགས་ཟུང་འབྲེལ་གྱིས། བྷེང་ལོར་དང་མཱེ་སོར་བཅས་སུ་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་དུ་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་མ་ཚོ་གཙོ་བོར་དམིགས་ནས། བོད་ཡིག་འབྲི་ཐབས་སྐོར་གྱི་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༢ ནས་ཉིན་གཉིས་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་དང་། སྐབས་བཅུ་པའི་སློབ་གཉེར་ལྷན་ཚོགས་ཟུང་འབྲེལ་གྱིས། བྷེང་ལོར་དང་མཱེ་སོར་བཅས་སུ་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་དུ་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་མ་ཚོ་གཙོ་བོར་དམིགས་ནས། བོད་ཡིག་འབྲི་ཐབས་སྐོར་གྱི་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

ས་གནས་ནས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཚེས་༡༢ ཉིན་གྱི་སྔ་དྲོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་ཁང་གི་དཔེ་མཛད་ཚོགས་ཁང་དུ་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ་དང་། སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་གྱིས་ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་། བོད་ཀྱི་སྐད་ཡིག་འདི་བཞིན་འཛམ་གླིང་ཐོག་དགོས་གལ་ཆེ་བའི་ཡི་གེ་ཞིག་ཡིན་པ་མ་ཟད། དེང་འཛམ་གླིང་ནང་བོད་ཀྱི་སྐད་ཡིག་འདི་ཕ་སྐད་གྱི་ངོ་བོའི་ཐོག་ནས་བེད་སྤྱོད་གནང་མཁན་དང་། ཆོས་དང་རིག་གཞུང་འབྲེལ་བའི་ཐོག་ནས་བེད་སྤྱོད་གནང་མཁན་བཅས་མང་པོ་ཡོད་པས། གཙོ་བོ་བོད་ཀྱི་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་མཐོང་ཆེན་དུ་བརྩིས་ནས་སྦྱོང་བརྩོན་གནང་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་གྱིས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་བྱུང་རབས་དང་ལས་འགུལ་སྐོར་ངོ་སྤྲོད་གནང་། སློབ་གཉེར་ལྷན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ཚེ་དབང་སྒྲོན་དཀར་གྱིས་དེ་ཐེངས་ཟབ་སྦྱོང་ཚོགས་དགོས་པའི་དམིགས་ཡུལ་ཡིག་ཐོག་ནས་སྒྲོགས་སྦྱང་གནང་བའི་ནང་། “ད་ཐེངས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་དང་སྐབས་བཅུ་པའི་སློབ་གཉེར་ལྷན་ཚོགས་ཟུང་འབྲེལ་གྱིས་ཐོག་ནས་བོད་ཡིག་འབྲི་ཐབས་སྐོར་གྱི་ཟབ་སྦྱོང་འདི་འདྲ་ཞིག་ཚོགས་དགོས་པའི་རྒྱུ་མཚན་གཙོ་བོ། དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་འདི་ཉིད་ཉེན་ཁའི་གནས་སུ་བསླེབས་ཡོད། གཞོན་སྐྱེས་མང་པོ་ཞིག་ལ་བོད་ཀྱི་སྐད་ཡིག་ལ་དང་ཞེན་མེད་པ། བོད་ཡིག་འབྲི་བར་འབད་བརྩོན་མི་བྱེད་པ། བོད་སྐད་ཀྱང་ཉིན་རེ་བཞིན་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆུང་དུ་འགྲོ་བ་སོགས་བོད་ཀྱི་སྐད་ཡིག་འདི་ཉིད་ཤིན་ཏུ་དཀའ་ཁག་གི་འཚམས་སུ་བསླེབས་ཡོད། ལྷག་ཏུ་རྒྱ་གཞུང་གིས་ཆེད་དུ་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཐབས་ཇུས་སྣ་མང་བེད་སྤྱོད་བྱེད་བཞིན་པ་མ་ཟད། བོད་ཀྱི་བྱིས་པ་ཚོ་བོད་ཡིག་དང་བོད་སྐད་མི་ཤེས་མཁན་ཞིག་ཏུ་བཟོ་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་ཡོད། ཐ་ན་གྲོང་གསེབ་ཁག་ཏུ་སློབ་ཕྲུག་ཚོ་དགུན་གནང་བཞག་པའི་སྐབས་སུ། དགོན་སྡེ་ཚོས་བོད་ཡིག་སློབ་ཁྲིད་བྱེད་པའང་ཁྲིམས་འགལ་དུ་བརྩིས་ནས་བཀག་སྡོམ་བྱེད་བཞིན་ཡོད། ཡ་ང་བའི་གནས་སྟངས་འདི་བཙན་བྱོལ་བོད་མི་རྒན་དར་གཞོན་གསུམ་ཚང་མས་མཁྱེན་དགོས་པའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་”ཅེས་འཁོད་འདུག

གཏམ་བཤད་དེའི་ནང་བཙན་བྱོལ་ནང་ནས་བོད་ཡིག་སློབ་གཉེར་སྐོར་འཁོད་དོན། “ང་ཚོ་བཙན་བྱོལ་དུ་ཡོད་མཁན་གྱི་མི་རབས་གསར་པའམ་ན་གཞོན་ཚོ་ལ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཆ་ཚང་བ་ཞིག་ཡོད་ཀྱང་། ཕ་མ་དང་། སྤྱི་ཚོགས། སློབ་ཕྲུག དགེ་རྒན་བཅས་ཕྱོགས་མང་པོས་འཐུས་ཤོར་རམ་ཉམས་ཆགས་སུ་འགྲོ་བཞིན་ཡོད། དེ་རིང་གི་ཟབ་སྦྱོང་འདི་ང་ཚོས་ངོས་ནས་བོད་ཡིག་སྦྱོང་བའི་གོ་སྐབས་དེ་ཙམ་མེད་པའི་རྒྱ་གར་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་བོད་པའི་སློབ་ཕྲུག་མ་ལ་གཙོ་བོར་དམིགས་ནས་ཚོགས་པ་ཡིན་ཡང་། གནས་སྟངས་མང་པོའི་རྐྱེན་གྱིས་འདིར་འཛུལ་ཞུགས་ཐུབ་མཁན་ཉུང་ཤས་ལས་བྱུང་མེད་”ཅེས་དང་། “ང་ཚོས་གལ་སྲིད་བོད་ཀྱི་སྐད་ཡིག་འདི་སྲུང་སྐྱོབ་དང་རྒྱུན་འཛིན་མ་ཐུབ་ཚེ་བོད་མི་རིགས་འདི་འགྲེམ་སྟོན་ནང་གི་དངོས་རྫས་ཤིག་ཏུ་འགྱུར་རྒྱུ་དང་། ད་བར་བོད་མི་ཁྲི་ཕྲག་མང་པོས་ཚེ་སྲོག་བློས་གཏོང་གནང་བ་དེ་དག་དོན་མེད་ཆུད་ཟོས་སུ་འགྱུར་རྒྱུ་རེད། ང་ཚོ་བོད་གངས་ཅན་པའི་རིགས་སུ་སྐྱེས་པ་འདིས་ཕན་ཐོགས་གང་ཡང་མ་བྱུང་པ་ཡིན། རྒྱ་ནག་གཞུང་གིས་རྟག་ཏུ་ཐབས་ཤེས་སྣ་ཚོགས་རྒྱུད་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་མི་རྒྱ་མི་ལ་བཟོ་རྒྱུའི་འཆར་གཞི་ལག་བསྟར་དང་། བྱེད་སྒོ་སྣང་མང་སྤེལ་བཞིན་པ་འདི་དག་ང་ཚོས་ནམ་ཡང་མ་བརྗེད་པར་བྱ་དགོས། དེར་བརྟེན་ང་ཚོའི་རུས་པ་ས་ལ་མ་འཐོར་གྱི་བར་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་བཅས་བྱ་དགོས་པ་ང་ཚོ་བོད་མི་ཡིན་པའི་འོས་འགན་ཡིན་”ཞེས་འཁོད་འདུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་རབ་འབྱམས་པ་དང་། རིག་གནས་རབ་འབྱམས་པའི་དགེ་རྒན་རྣམས་པའི་བརྗོད་གཞི། རྨང་གཞིའི་རྩོམ་ཡིག་འབྲི་ཐབས།  དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་སྟངས། དྲ་ཐོག་ཏུ་བོད་ཡིག་འབྲི་སྟངས། ནོར་ཆེ་བའི་ཡི་གེའི་སྐོར། རྒྱུན་བཀོལ་བོད་ཡིག་འབྲི་སྟངས། བོད་ཀྱི་བཙན་པོའི་སྙིང་སྟོབས་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་ཟབ་འཁྲིད་ལེགས་པར་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།