ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་ཐད་པེ་ཅིང་ལ་སེམས་ཁུར་ཧ་ཅང་ཆེ།

རྩོམ། ཁྲན་པའོ་ཁོང་། ལོ་ཙཱ་བ། ཏྲེ་ཧོར་ཐུབ་བསྟན།
ཕྱི་ལོ་༢༠༡༤ ཟླ་༩ པའི་ནང་རྒྱ་གར་བྱང་ཕྱོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་རམ་ས་རུ་འཇར་མན་གྱི་<<གཟའ་ཉི་མའི་འཛམ་གླིང་གསར་ཤོག་>> གི་གསར་འགོད་པས་ཏཱ་ལའི་བླ་མ་མཆོག་ལ་བཅར་འདྲི་བྱས་པའི་རྗེས། གསར་ཁང་དེས་“བོད་མིའི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་ཤུགས་བསྟན་དུ་ཁོང་ཉིད་ནི་ཆེས་མཐའ་མཇུག་གི་ཏཱ་ལའི་བླ་མ་ཡིན་སྲིད་པའི་གནས་ཚུལ་སྤེལ་ཡོད།

རྩོམ། ཁྲན་པའོ་ཁོང་། ལོ་ཙཱ་བ། ཏྲེ་ཧོར་ཐུབ་བསྟན།
ཕྱི་ལོ་༢༠༡༤ ཟླ་༩ པའི་ནང་རྒྱ་གར་བྱང་ཕྱོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་རམ་ས་རུ་འཇར་མན་གྱི་<<གཟའ་ཉི་མའི་འཛམ་གླིང་གསར་ཤོག་>> གི་གསར་འགོད་པས་ཏཱ་ལའི་བླ་མ་མཆོག་ལ་བཅར་འདྲི་བྱས་པའི་རྗེས། གསར་ཁང་དེས་“བོད་མིའི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་ཤུགས་བསྟན་དུ་ཁོང་ཉིད་ནི་ཆེས་མཐའ་མཇུག་གི་ཏཱ་ལའི་བླ་མ་ཡིན་སྲིད་པའི་གནས་ཚུལ་སྤེལ་ཡོད།

གནས་ཚུལ་དེས་རྐྱེན་པས་པེ་ཅིང་གིས་ལམ་སང་རྣམ་འགྱུར་དྲག་པོ་བསྟན་པ་དང་། རྒྱ་ནག་དམར་ཤོག་གི་ཕྱི་འབྲེལ་མགྲིན་ཚབ་པས་སྐད་ཤུགས་ཆེན་པོས། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ལུགས་མཐུན་སྒྲིག་སྲོལ་ལ་གཏོར་བཤིག་ཆེན་པོ་ཞིག་ཡིན་པའི་ལན་འདེབས་བྱས་ཡོད། རྒྱ་དམར་གྱི་སྨྲ་ལྕེ་<< གོ་ལའི་དུས་བབ་>> སྟེང་ཁ་བྱང་ལ་<<ཏཱ་ལར་ཡང་སྲིད་ལམ་ལུགས་མཚམས་འཇོག་པའི་དབང་ཆ་མེད་>> ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། ཏཱ་ལའི་བླ་མས་སྲོལ་རྒྱུན་གྱི་ཡང་སྲིད་ལམ་ལུགས་བསྒྱུར་བཅོས་གཏོང་ཐབས་བྱས་ཏེ། བསམ་བཞིན་དུ་དབུས་སྲིད་གཞུང་ལ་དཀའ་རྙོག་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད། རྩོམ་ཡིག་དེའི་ནང་དོན་མེད་དུ་“སྲོལ་རྒྱུན་”ཞེས་བྲིས་ཏེ་ལོ་རྒྱུས་ཀྱི་དོན་དངོས་ལ་འཁྱོག་བཤད་དང་། བསམ་བཞིན་དུ་སོག་པོ་དང་མན་ཇུ། བོད་བར་གྱི་(མཆོད་ཡོན་ལས་བདག་དབང་དང་འབྲེལ་བ་མེད་པའི)་དོན་དངོས་ཀྱི་འབྲེལ་ལམ་སྦས་སྐུང་བྱས་པ་དང་། དེའི་རྗེས་བཙན་དབང་གིས་ཀྲུང་ཧཱ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་པོའི་དབང་བསྒྱུར་དང་མཐུད་སྦྱོར་འོག ཡང་སྲིད་ལམ་ལུགས་ཀྱི་“མཐའ་མཇུག་གི་ཐག་གཅོད་དབང་ཆ་དབུས་སྲིད་གཞུང་གི་ལག་ཏུ་ཡོད་པའི”་འུད་ཤོབ་བཤད་དེ། རྒྱ་ནག་མི་མང་མུ་མཐུད་དུ་མགོ་སྐོར་སླུ་བྲིད་གཏོང་ཐབས་ཀྱི་བསམ་ངན་བཅངས་ཡོད།

པེ་ཅིང་གི་ཧམ་མཆོང་ལས་དབུས་སྲིད་གཞུང་གི་སེམས་ཀྱི་ན་ཚ་གསལ་པོར་མངོན་ཡོད་ཅིང་། བོད་ཀྱི་གནད་དོན་ཐོག་ཕྱི་ཚུལ་ནས་ཡོད་ཚད་སྟངས་འཛིན་བྱས་ཡོད་ཀྱང་། སེམས་གཏིང་སུ་བག་ལྷོད་ཅིག་མེད་པར་དུས་ཚོད་ངེས་མེད་ལ་སེམས་ཞུམ་པ་དང་། དངངས་སྐྲག་སྐྱེས་པ། འཚབ་ཆ་ལངས་པ། ངེས་གཏན་མེད་པའི་བོད་ཀྱི་མ་འོངས་པའི་ཁ་ཕྱོགས་ལ་སེམས་འཁྲལ་བྱེད་ཀྱི་ཡོད།

གལ་ཏེ་པེ་ཅིང་སྲིད་གཞུང་ཏཱ་ལའི་བླ་མའི་ཡང་སྲིད་ལ་དེ་ལྟར་སེམས་ཁུར་དང་དོ་སྣང་ཡོད་པ་ཡིན་ན། ཅིའི་ཕྱིར་ད་ལྟ་སྐུ་འཚོ་ཞིང་བཞུགས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་དད་གུས་ཡང་དག་མི་བྱེད་པར། ག་རེ་བྱས་ནས་ཁོང་ཉིད་དུས་ཡུན་རིང་པོར་རྒྱལ་སྒོའི་ཕྱིར་དབྱུགས་པ་རེད། ངེས་པར་དུ་ཤེས་དགོས་པ་ཞིག་ནི། ཡང་སྲིད་ལམ་ལུགས་ཀྱི་དོན་དངོས་ལ་གཞིགས་ན། ཏཱ་ལའི་བླ་མའི་ཡང་སྲིད་སྐུ་ཕྲེང་བཅོ་ལྔ་པས་རང་མོས་སྒོས་སྐུ་གོང་མ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་མ་འགྲུབ་པའི་བྱ་གཞག་མཇུག་སྐྱོང་བར་འབད་དགོས་པ་ལས། ཁ་བྲལ་དང་དུས་ཚོད་དབྱེ་འབྱེད་བྱེད་མི་རུང་། དེ་ལྟར་མིན་ཚེ། ཡང་སྲིད་རྫུན་མ་དང་ཏཱ་ལའི་བླ་མ་རྫུན་མ་ཡིན་པ་ལས། ཡང་སྲིད་དངོས་གནས་དང་ཏཱ་ལའི་བླ་མ་ངོ་མ་ཞིག་མ་རེད།

པེ་ཅིང་གི་རྣམ་འགྱུར་ལ་ཟུར་ཟའི་དོན་སྙིང་མི་འདྲ་བ་གཉིས་གསལ་པོར་མངོན་ཡོད་པའི་ཁྲོད་ཀྱི་གཅིག་ནི། རྒྱ་ནག་དམར་ཤོག་ཚོགས་པ་ལྷ་མེད་སྨྲ་བར་ཡིད་ཆེས་བྱེད་མཁན་ཡིན་ཡང་། དོན་དངོས་སུ་བཙན་དབང་གིས་དད་ལྡན་པའི་ཆོས་ལུགས་བྱ་གཞག་ནང་དུ་འཚང་སྟེ། ལྷ་མེད་སྨྲ་བས་ལྷ་ཡོད་སྨྲ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ངོས་འཛིན་བྱེད་པ་ནི་ཁུངས་ལུང་མེད་པ་དང་དགོད་བྲོ་བའི་གནས་ཤིག་རེད། སོག་པོ་དང་མན་ཇུ་དབང་བསྒྱུར་བས་བོད་བརྒྱུད་ནང་བསྟན་ལ་དད་གུས་དང་། བོད་ཀྱི་བླ་མ་དང་བོད་མི་རང་གིས་ངོས་འཛིན་བྱས་པའི་བླ་མའི་ཡང་སྲིད་ལ་བརྩི་བཀུར་བྱས། རྣམ་ཤེས་ཙམ་ལའང་ཡིད་ཆེས་མེད་པའི་རྒྱ་དམར་དབང་བསྒྱུར་བས་རང་འདོད་ལྟར་བླ་མའི་ཡང་སྲིད་ཚུད་པའི་བོད་ཀྱི་ལས་དོན་ཡོངས་རྫོགས་ལ་ཇུས་གཏོགས་བྱེད་བཞིན་ཡོད།

མིན་ཇུ་རྒྱལ་རབས་ཀྱིས་བཏོན་པའི་“གསེར་བུམ་དཀྲུག་འདོན་”དེ་ཆེ་ས་ནས་བཤད་ནའང་གྲོས་འཆར་ཙམ་ཡིན་པ་དང་། གྲོས་འཆར་དེའི་འོག་ཏུ་བོད་ཀྱིས་དོན་དངོས་སུ་གསེར་བུམ་དཀྲུག་འདོན་གྱི་བྱེད་ཐབས་སྤྱད་པ་དང་། ཡང་གསེར་བུམ་དཀྲུག་འདོན་བྱེད་ཐབས་མ་སྤྱད་པ་གཉིས་ཀ་བྱུང་ཡོད། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་དང་བཅུ་གསུམ་པ། བཅུ་བཞི་པ་བཅས་ནི་གསེར་བུམ་དཀྲུག་འདོན་གྱི་བྱེད་ཐབས་ལ་བརྟེན་ནས་ངོས་འཛིན་བྱས་པ་ཞིག་མིན།

གཉིས་པ། རྒྱ་དམར་གྱིས་རྒྱུན་དུ་ཏཱ་ལའི་བླ་མ་དང་བོད་མི་མང་“གླེན་རྨོངས”་དང་“རྗེས་ལུས།” “བྲན་གཡོག་ལམ་ལུགས”་སླར་གསོ་ལ་བརྩོན་བཞིན་པའི་མཚན་སྨད་བྱས་ཏེ། རྒྱ་དམར་རང་ཉིད་ཀྱིས་“སྔོན་ཐོན་རང་བཞིན”་དང་“དུས་བསྟུན་མདུན་བསྐྱོད”་འུར་སྒྲོག་བྱས་པ་དང་། ཏཱ་ལའི་བླ་མ་མཆོག་གིས་ཡང་སྲིད་ལམ་ལུགས་མཚམས་འཇོག་སྲིད་སྐོར་གསུངས་སྐབས། རྒྱ་ནག་སྲིད་གཞུང་ཡང་ཧམ་མཆོང་བརྒྱབ་སྟེ། ལམ་ལུགས་རྙིང་པའི་རྒྱབ་ཏུ་ལངས་པ་དང་། “མེས་པོའི་ལུགས་སྲོལ་འགྱུར་མི་ཉན་པའི་ལྟ་ཚུལ”་མཁྲེགས་བཟུང་བྱས། གདུག་རྩུབ་རང་གཤིས་སུ་གྲུབ་པ་དང་ངོ་ཚ་ལ་མི་འཛེམས་པའི་ཀྲུང་ནན་ཧེ། དོན་དངོས་སུ་རང་ཉིད་ཀྱིས་“ལམ་ལུགས་རྙིང་པ་”རུ་ངོས་འཛིན་བྱས་པ་དེར་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གྱུར།

དོན་དངོས་སུ་འཇར་མན་གྱི་གསར་ཤོག་དང་ཏཱ་ལའི་བླ་མའི་བར་གྱི་གླེང་མོལ་གནས་ཚུལ་དེ་ཆ་ཚང་བ་ཞིག་གཏན་ནས་མིན་ཞིང་། གོང་ས་མཆོག་གི་ལྗགས་ལན་ཆ་ཚང་བ་ནི། “ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་དེ། རྒྱ་ཆེའི་བོད་མི་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པ་དང་། གལ་སྲིད་མི་མང་ལ་ཡང་སྲིད་ལམ་ལུགས་འདི་དགོས་ངེས་མེད་པའི་དུས་ཤིག་ཤཪ་ན། ཁོང་ཉིད་ནི་ཆེས་མཐའ་མཇུག་གི་ཏཱ་ལའི་བླ་མ་ཡིན་སྲིད་པ་དང་། དེ་ལས་ལྡོག་ཏེ། གལ་ཏེ་བོད་མི་མང་ལ་ད་དུང་ཡང་སྲིད་ལམ་ལུགས་འདི་དགོས་པ་ཡོད་ན། མུ་མཐུད་དུ་རྒྱུན་སྐྱོང་ནས་འགྲོ་ངེས་རེད།”

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་དེའི་ཐད་ཀྱི་ལངས་ཕྱོགས་དེ་བཤད་སྟངས་གསར་པ་ཞིག་མ་ཡིན་པར། དུས་རབས་སྔོན་པའི་ལོ་རབས་དྲུག་ཅུ་པའི་སྐབས་ནས་ཁོང་གིས་དེ་ལྟར་གསུངས་མྱོང་། ཕྱི་ལོ་༢༠༡༡ ཟླ་༩ པའི་ཚེས་༢༤ ཉིན། གོང་ས་མཆོག་གིས་དངོས་སུ་གསལ་བསྒྲགས་སྤེལ་ཏེ། ཁོང་ཉིད་ཀྱི་ལངས་ཕྱོགས་གསལ་སྟོན་གནང་ཡོད། “ངོས་རང་མ་འོངས་པར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པའི་དགུང་ལོ་དང་མཉམ་པར་སླེབས་པའི་སྐབས། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པར་གྲོས་བསྡུར་དང་། བོད་མི་མང་དང་འབྲེལ་ཡོད་དད་ལྡན་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན”་ཞེས་དང་། དེ་དང་མཉམ་དུ་གོང་ས་མཆོག་གིས་ཉེན་བརྡའི་ཚུལ་དུ་གསུངས་དོན། “རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚུད་པའི་ཆབ་སྲིད་ཀྱི་སྲིད་དབང་གང་འདྲ་ཞིག་ཡིན་ནའང་། ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་སྐབས། བྱིས་པ་དེར་སུས་ཀྱང་ངོས་ལེན་དང་དད་གུས་མ་བྱས་ན་ཆོག”

དེ་བཞིན་འདིར་ཏཱ་ལའི་བླ་མ་མཆོག་གིས་གསལ་བཤད་གནང་གྲུབ་ཟིན་པ་ལྟར། ཡང་སྲིད་ལམ་ལུགས་མུ་མཐུད་རྒྱུན་གནས་དགོས་མིན་དེ་ད་དུང་ཐག་གཅོད་བྱས་མེད་པ་དང་། མཐའ་མཇུག་ཏུ་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས། གོང་ས་མཆོག་གིས་སྔོན་ཚུད་ནས་དུས་ཚོད་ཀྱི་བར་སྟོང་བཞག་པ་དེ། ཁོང་ཉིད་ཀྱིས་རྒྱ་ནག་སྲིད་གཞུང་ལ་ཐུགས་བསམ་བཞེས་པ་ཞིག་ཡིན་པའི་འགྲེལ་བརྗོད་ཀྱང་བྱ་ཆོག ཁོང་ཉིད་དགུང་ལོ་༨༣ (ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པའི་དགུང་ཚོད་) ལ་ཕེབས་སྐབས། ད་གཟོད་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། ༢༠༡༡ ལོར་གོང་ས་མཆོག་དགུང་གྲངས་༧༦ རེད། དེའི་སྐབས་ལོ་༧ ཀྱི་དུས་ཚོད་བཞག་སྟེ། ད་ལྟ་ད་དུང་ལོ་༤ ཡི་དུས་ཚོད་ལྷག་ཡོད།

གལ་ཏེ་དུས་ཚོད་དེའི་རིང་རྒྱ་དམར་སྲིད་གཞུང་གིས་དཔོན་རིགས་ཚོས་ཁེངས་དྲེགས་སྤངས་ཏེ། ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཞི་བའི་གྲོས་མོལ་ལམ་ནས། རྒྱ་བོད་མི་རིགས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བསམ་གཞིག་འོག་བོད་ཀྱི་གནད་དོན་ཐག་གཅོད་བྱས་པ་ཡིན་ན། ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ཀྱང་གནད་དོན་ཞིག་ཏུ་མི་འགྱུར་བ་ཙམ་མ་ཟད། རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ལ་ཁེ་ཕན་དང་། རྒྱ་ནག་གི་དེང་རབས་ཅན་གྱི་གཅིག་གྱུར་(བོད་ཚུད་པའི་)འཆར་བཀོད་ལའང་ཕན་ཐོགས་ཡོད།

ཕྱོགས་རིས་འཐེན་ཁྱེར་མེད་པར་མིག་རྒྱང་རིང་པའི་ཆབ་སྲིད་མི་སྣ་སུ་འདྲ་ཞིག་ཡིན་ནའང་། འདི་ཙམ་གྱི་གོ་དོན་རྟོགས་ནུས་པ་དང་། དེང་རབས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ལ་རྣམ་དཔྱོད་ཡོད་མིན་དེ། གནད་དོན་འདིའི་ཐོག་ནས་མི་རྣམས་ཀྱིས་ངོས་འཛིན་གསལ་པོ་བྱ་ཐུབ།།

རྒྱ་ཡིག་གི་མ་རྩོམ་དྲ་ཐག http://www.rfa.org/mandarin/pinglun/chenpokong/cpk-09162014105939.html

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།