ཏུར་ཀིའི་སྲིད་འཛིན་གྱིས་ཧ་མ་སིར་རྒྱབ་སྐྱོར་ཆེད་ཨི་སི་རེལ་གྱི་ནང་དུ་འཛུལ་སྲིད་པར་བརྗོད།
ཟླ་འདིའི་ཚེས་༢༩ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཏུར་ཀིའི་སྲིད་འཛིན་གྱིས་དེ་སྔ་ལི་བྷི་ཡ་སོགས་ཀྱི་ནང་བྱས་པ་ལྟར། ཨི་སི་རེལ་གྱི་ནང་དུའང་འཛུལ་སྲིད་པ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག
ཏུར་ཀིའི་སྲིད་འཛིན་ནི་ཨི་སི་རེལ་གྱིས་གྷ་རྫའི་ཁུལ་དུ་གཏོར་རྒོལ་བྱས་པར་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་ཨི་སི་རེལ་གྱི་སྲིད་བློན་ལ་གྷ་རྫ་ཁུལ་གྱི་ཤན་པ་ཞེས་བོས་ཤིང་། དབུས་ཤར་ས་ཁུལ་དུ་ཧ་མ་སི་དང་ཨི་སི་རེལ་གྱི་དམག་འཁྲུག་རྒྱ་སྐྱེད་གཏོང་བཞིན་པར་ཉེས་འཛུགས་ཀྱང་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༨ ཉིན། ཏུར་ཀིའི་སྲིད་འཛིན་གྱི་ཆབ་སྲིད་ཚོགས་པའི་ཚོགས་འདུ་ཞིག་ཁོང་གི་ཕ་ཡུལ་རི་ཛེ་(Rize) ལ་འཚོགས་པའི་སྐབས། ཁོང་གིས་ཏུར་ཀི་ལ་ནུས་པ་ཆེན་པོ་ལྡན་ན། ཨི་སི་རེལ་གྱིས་པ་ལི་སི་ཐན་ནང་དགོད་བྲོ་བའམ། ཆོ་མེད་པའི་ལས་དོན་དེ་དག་སྒྲུབ་མི་ཐུབ་པ་དང་། དེ་སྔ་ཏུར་ཀིས་ལི་བྷི་ཡ་(Libya) དང་ན་གོར་ནོ་ཀ་ར་བྷག་(Nagorno-karabakh) ནང་བྱས་པ་ནང་བཞིན་ཨི་སི་རེལ་ནང་དུའང་བྱེད་སྲིད་པ་དང་། དེ་ལྟར་བྱེད་མི་ཐུབ་པ་གང་ཡང་མེད་ཅེས་བརྗོད་འདུག
ཕྱི་ལོ་ ༢༠༢༠ ལོར། ཏུར་ཀིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོད་པའི་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་བྱས་པའི་ལི་བྷི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཆེད་ཡུལ་དེར་དམག་མི་བཏང་ནས་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་ཡོད་འདུག
གཞན་ཡང་ཏུར་ཀིས་(Nagorno-Karabakh) ་ཞེས་པའི་ནང་དམག་དོན་ལས་འགུལ་ནང་ཐད་ཀར་ཐེ་གཏོགས་བྱས་པ་སྐབས་དེར་ཁས་ལེན་བྱས་མེད་ཀྱང་། ན་ནིང་ཏུར་ཀིས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་Azerbaijan ་ལ་རྒྱབ་སྐྱོར་བྱེད་ཆེད་དམག་སྦྱོང་སོགས་ཐབས་ལམ་ཡོངས་རྫོགས་བེད་སྤྱོད་བྱས་ཡོད་ཅེས་བརྗོད་འདུག
བདུན་ཕྲག་སྔོན་མའི་ཏུར་ཀིའི་སྲིད་འཛིན་གྱི་གཏམ་བཤད་དེ་ནི་ཨི་སི་རེལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ཏུར་ཀིས་ཨི་སི་རེལ་བ་གསོད་ཆེད་ཧ་མ་སི་ལ་མ་དངུལ་དང་མཚོན་ཆ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་བྱས་ནས་བདུན་ཕྲག་གཅིག་གི་རྗེས་སུ་བྱུང་བ་ཞིག་ཆགས་ཡོད་འདུག
ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གན་Erdogan ་གྱིས་ཨི་སི་རེལ་གྱིས་གྷ་རྫ་ཁུལ་དུ་སྤེལ་བའི་བྱ་སྤྱོད་ལ་ཉེས་འཛུགས་དྲག་པོ་བྱས་ཡོད་པ་དང་། ཁོང་གིས་ཨི་སི་རེལ་གྱི་སྲིད་བློན་ལ་མི་རིགས་རྩ་མེད་གཏོང་མཁན་ཞེས་ཉེས་འཛུགས་བྱས་ནས་ཨི་སི་རེལ་དང་མཉམ་དུ་ཚོང་འབྲེལ་ཡོངས་རྫོགས་མཚམས་འཇོག་བྱས། ལྷག་པར་དུ་ཨི་སི་རེལ་དུ་ཡོད་པའི་ཏུར་ཀིའི་གཞུང་ཚབ་ཕྱིར་འཐེན་བྱས། དེའི་ལན་དུ་ཨི་སི་རེལ་གྱིས་ཏུར་ཀི་ནས་རང་ཉིད་ཀྱི་གཞུང་ཚབ་ཕྱིར་འཐེན་དང་ཏུར་ཀིས་ཧ་མ་སི་དང་ཨི་རན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
སྔ་ལོའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཤིང་། མི་གྲངས་༡༢༠༠ བསད་པ་མ་ཟད། མི་གྲངས་༢༤༠ ་འཛིན་བཟུང་གིས་གཏའ་མི་ལ་བཙན་ཁྲིད་བྱས་ཡོད་པ་དང་། རྗེས་སུ་གཏའ་མི་ཁ་ཤས་གློད་ཡོད་ཀྱང་ད་དུང་ཡང་མི་མང་པོ་ཉར་ཡོད་འདུག ཨི་སི་རེལ་གྱིས་གཏོར་རྒོལ་དེ་ལ་འཁོན་ལན་བསླགས་ནས་ད་བར་མི་གྲངས་༣༩༠༠༠ ་བསད་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།