བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༤ ཕྱི་ལོ་ ༢༠༢༠/༡།༡

 

ཕྱི་ཚེས་༢༧ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་༢༠ པའི་བཅད་ཁྲའི་དགོངས་དོན་བཞིན་དང་ལེན་གནང་འདུག་པ་དང་། བཅད་ཁྲའི་ནང་དུ་ཉམས་ལེན་གནང་བའི་ཡིག་ཆ་དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གང་བྲིས་པ་དེ་ལུང་འདྲེན་གནང་འདུག ད་ནི་རྩོད་རྙོག་དེ་དང་འབྲེལ་བའི་གནད་དོན་དེ་ཁྲིམས་ཞིབ་ཁང་གི་ངོས་ནས་མཇུག་རྫོགས་པ་ཞིག་ཏུ་ངོས་འཛིན་གནང་རྒྱུའི་རེ་བ་ཡོད། ཕྱི་ཟླ་༡༢ ཚེས་༢༧ ཉིན་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་དུས་བཀག་མཐའ་མ་དེ་ཡིན་པས། ཅིག་བྱས་ན་ཁྲིམས་ཞིབ་ཁང་གིས་སྲིད་སྐྱོང་དང་བཀའ་བློན་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་བཀའ་ཁྱབ་ཅིག་བྲིས་ཏེ། ཁྱབ་བསྒྲགས་བྱེད་ཆོག་ཆོག་གནང་ནས་བཞག་ཡོད་ཀྱི་རེད། ཁ་མཆུ་ཨང་༢༠ པའི་སྔ་རྗེས་ཀྱི་བརྒྱུད་རིམ་དང་གནས་སྟངས་སོགས། གང་ལ་བལྟས་ཀྱང་འཆར་གཞི་དང་དམིགས་ཡུལ་མི་འདྲ་བ་ཞིག་ཐོག་མ་ནས་མེད་དམ་བསམ་པ་ལྟ་བུར་མཐོང་སོང་ལ། གང་ལྟར་རྒྱུན་ལྡན་ཞིག་གཏན་ནས་མིན་པ་ནི་མངོན་གསལ་རེད།

 

ད་དུང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ཀྱང་ཐུགས་སྣང་གཞན་དང་མི་འདྲ་བ་ཞིག་གནང་བ་ནི། བཀའ་ཤག་ལ་ཐོག་མ་ཡིག་ཐོག་ནས་ལན་འདེབས་རྒྱག་སྟངས་བསླབས། བར་དུ་སྐད་ཆ་ཤོད་སྟངས་བསླབས། མཐའ་མ་དགོངས་སེལ་ཞུ་སྟངས་ཡན་ཆད་ཡིག་ཐོག་ཏུ་བྲིས་ནས་དགེ་རྒན་གྱིས་སློབ་ཕྲུག་ལ་ནང་སྦྱོང་འབྲི་སྟངས་བཞིན་བསླབས་གནང་དུས། ལམ་ཁ་དེར་སོང་ནས་གཡང་ལ་ཟག་ཀྱང་འདྲ། བདེ་ཐང་ཞིག་ཏུ་སླེབས་ནའང་འདྲ་འགྲོ་རྒྱུ་རང་རེད། གང་ལྟར་གནང་སྟངས་དེ་ནི་འཛམ་གླིང་གི་བྱེད་སྟངས་གཞན་དང་མི་འདྲ་བའི་ཟིན་ཐོ་གསར་པ་ཞིག་ཏུའང་གྱུར་ཡོད་སྲིད་པ་དང་། བཀའ་ཤག་གི་ངོས་ནས་ལས་མཇུག་ལོ་གཅིག་དང་ཕྱེད་ཙམ་ལྷག་ཡོད་པ་དེ་མུ་མཐུད་དགོས་པ་གལ་ཆེན་པོར་གྱུར་ཡོད་པ་དང་། སྲིད་སྐྱོང་དང་བཀའ་བློན་རྣམས་རྣམས་དགོངས་པ་ཞུས་ནས་ལས་གནས་མཚམས་འཇོག་གནང་བའི་དབང་དུ་བཏང་ཡང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ནི་འཕྲོག་ངེས་རེད་ལ། སྤྱི་ཚོགས་ནང་རྙོག་གྲ་ཧ་ཅང་ཆེན་པོ་ཞིག་ཡོང་ངེས་རེད། དེར་བརྟེན་ནས་སྡུག་ས་ནས་བཤད་ན་སྒྲིག་འཛུགས་འདི་ཉིད་འཐོར་ཞིག་ཏུའང་འགྱུར་སྲིད་པ་རེད།

 

སྲིད་སྐྱོང་དང་བཀའ་བློན་རྣམ་པས་བཅད་ཁྲ་ཆ་ཚང་དང་ལེན་མ་ཞུས་པར་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་དབང་དུ་བཏང་ན། མུ་མཐུད་དུ་ལས་ཀ་མཇུག་སྐྱོང་གནང་ཆོག་མིན་དེ་ཡང་རྩོད་གཞི་ཞིག་ཏུ་གྱུར་ཡོད་པ་དང་། འོས་བསྡུའི་ལས་རིམ་འགོ་འཛུགས་མི་ཐུབ་པ་དེའང་གསལ་པོ་རེད། གནས་སྟངས་ཐབས་སྐྱོ་པོ་དེ་འདྲ་ཞིག་བྱུང་བའི་སྐབས་སུ་བཅའ་ཁྲིམས་ཟུར་དུ་འཇོག་རྒྱུ་ལས་མེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་ཡིག་གཞན། སྒྲིག་གཞི་ཁག་བཅས་ཀྱི་ནང་དུ་གང་ཟག་སུ་གང་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་ཆོག་པའི་ཆ་རྐྱེན་ཞིག་མེད་ལ། སྲིད་སྐྱོང་དང་བཀའ་བློན་ཆ་ཚང་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་སོང་ན། དེའི་རྗེས་སུ་ལས་དོན་མཇུག་སྐྱོང་ག་འདྲ་ཞིག་དགོས་མིན་ཡང་འཁོད་མེད་པ་ནི་གསལ་པོ་རེད། སྲིད་སྐྱོང་དུས་ཆོས་སུ་གྱུར་པ་དང་། གྲོས་ཚོགས་ནས་འཕོ་འགྱུར་བཏང་བའི་སྐབས་སུ་ག་རེ་བྱེད་དགོས་མིན་ཁ་གསལ་ཡོད་པ་ལས་གཞན་གང་ཡང་གསལ་མེད།

 

ད་ལོའི་གནས་སྟངས་ལྟ་བུའི་དཀའ་ངལ་མ་འོངས་པར་ཡང་འཕྲད་པའི་དབང་དུ་བཏང་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ཁ་མེད་པ་དང་། མ་འཁོད་པ་མང་པོ་ཞིག་ཡོད་པ་དེའང་གསལ་པོར་གྱུར་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་ཤག་འཕོ་འགྱུར་གཏོང་ཆོག་མཁན་གཅིག་ཡོད་པ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་རེད། དེ་ཡིན་དུས་སྤྱི་འཐུས་གྲངས་༤༥ ལས་ཉུང་མཐའ་༣༠ ཙམ་བསམ་བློ་མཉམ་དགོས་དུས་སྟབས་བདེ་པོ་ཞིག་གཏན་ནས་མེད་པ་དང་། རྩོད་མེད་ཡོངས་གྲགས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་བྱུང་ན་སྤྱི་འཐུས་ཕལ་ཆེ་བ་ཁ་མཐུན་ཐུབ་ངེས་རེད། དེ་ཙམ་མ་ཡིན་པར་ནང་ཁུལ་གྱི་སྲིད་དོན་འཐེན་འཁྱེར་གྱི་བསམ་བློ་ཙམ་ལ་བརྟེན་ནས་སྲིད་སྐྱོང་དང་། བཀའ་བློན། ཁྲིམས་ཞིབ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། སྤྱི་འཐུས་བཅས་འཕོ་འགྱུར་གཏོང་མི་ཐུབ་པས། བཅའ་ཁྲིམས་ནང་མེད་ཀྱང་ཁྲིམས་ཞིབ་ཁང་ནས་བྱེད་ཆོག་ཆོག་ལྟ་བུའི་གནས་སྟངས་ཤིག་ཡོད་ན། ཁྲིམས་ཞིབ་ཁང་གི་མི་གསུམ་གྲོས་མཐུན་རྒྱུ་དེ་སྤྱི་འཐུས་ལྷན་ཚོགས་དང་བསྡུར་ན་ཧ་ཅང་སྟབས་བདེ་རེད།

 

མདོར་ན་ད་ལྟའི་སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་དུས་ཡུན་ལོ་གཅིག་དང་ཕྱེད་ལས་ལྷག་མེད་ཀྱང་། སྒྲིག་འཛུགས་དེ་མུ་མཐུད་གནས་དགོས་སྟབས་རྣམ་པ་ག་འདྲ་ཞིག་གི་ཐོག་ནས་མ་འོངས་པར་བཀའ་ཤག་འཕོ་འགྱུར་རམ། ལས་དོན་མཚམས་འཇོག་རང་བཞིན་གྱིས་བྱེད་དགོས་པའི་ཐག་གཅོད་ཅིག་ཁྲིམས་ཞིབ་ཁང་གི་ངོས་ནས་བྱེད་ཆོག་དང་མི་ཆོག་དེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་ཞིག་འཁོད་དགོས་པ་ལས། མི་གསུམ་གྱིས་ཡིག་ཆ་ཞིག་བཟོས། དེ་ཁོ་ན་རྩ་འཛིན་བྱས་ནས་ཐག་གཅོད་ཆེན་པོ་ཞིག་བྱས་ན་དེ་ཉེན་ཁ་རེད། མ་འོངས་པར་ཡང་འདི་བུའི་རྩོད་རྙོག་མང་པོ་ཡོང་གི་རེད། ད་ལྟ་ཐག་གཅོད་འདི་ལ་དགའ་མཁན་དང་ཡི་རངས་ཞུ་མཁན་དག་གིས་མ་འོངས་པར་ཐག་གཅོད་འདི་ལྟ་བུ་ཞིག་དྲང་བདེན་མ་རེད་ཅེས་ཤོད་དགོས་པ་ཞིག་ཡོང་ངེས་རེད་ལ། ད་ལྟ་དྲང་བདེན་མ་རེད་ཅེས་ཤོད་མཁན་དག་གིས་མ་འོངས་པར་འདི་ལྟ་བུ་ཞིག་དྲང་པོ་རེད་ཟེར་བའི་དུས་གཅིག་ཡོང་ངེས་ཡིན་པས། འདི་ལྟ་བུ་བྱེད་ཆོག་དང་མི་ཆོག་དེ་བཅའ་ཁྲིམས་སུ་འཁོད་དགོས་པ་དེ་གང་ཟག་ལ་ལྟོས་ནས་མ་ཡིན་པར་སྒྲིག་འཛུགས་ལ་ལྟོས་ནས་གལ་ཆེན་པོ་རེད།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།