བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཞིག་ཕྱི་ཟླ་༡༡ ཚེས་༢༢ ནས་༢༥ བར་ཉིན་བཞིའི་རིང། དྷ་ས་ཁ་ཡཱ་རའི་ཉེ་འགྲམ་གྱི་ནི་བྷཱ་ནཱ་(Nibaana Resort)གསོལ་མགྲོན་ཁང་དུ་ཨ་རིའི་གཞུང་གི་རོགས་ཚོགས་(USAID)དང། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཀྱི་(NDI)མཐུན་འགྱུར་འོག་ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་བྱས་ནས་འཚོགས་ཡོད་པ་དང། སྐབས་དེར་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་པས་སྤྱི་འཐུས་གྲངས་༢༡ ཙམ་མཉམ་ཞུགས་བྱས་འདུག
དེ་ཡང་ཕྱི་ཟླ་༡༡ ཚེས་༢༢ སྔ་དྲོ་ཆུ་ཚོད་༩།༣༠ ཐོག་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཐབས་བྱུས་ཚོགས་འདུ་དེའི་དགོས་པ་དམིགས་ཡུལ་དང་ལས་རིམ་བཅས་ངོ་སྤྲོད་དང་འབྲེལ་ཚོགས་འདུ་དབུ་འཛུགས་དང་ཕེབས་བསུའི་གསུང་བཤད་གནང་རྗེས།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་མཁས་དབང་བྱམས་པ་བསམ་གཏན་གྱིས་བོད་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་གནས་བབས་སྐོར། བོད་རྒྱའི་རྒྱལ་རབས་ལོ་རྒྱུས་ཀྱི་ལོ་ཚིགས་དང་སྦྱར་ནས་གསུང་བཤད་ཆུ་ཚོད་གཅིག་ལྷག་ཙམ་རིང་གནང་རྗེས། ཆུ་ཚོད་དང་པོའི་བར་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་། ཉིན་རྒྱབ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོས། བོད་མཐོ་སྒང་གི་ཁོར་ཡུག་གནས་བབས་དང། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚུལ་ཁྲིམས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་རིང་བསམ་གྲུབ་ཀྱིས། རྒྱ་གཞུང་གིས་བོད་ནང་བཟུང་བའི་དཔལ་འབྱོར་སྲིད་བྱུས་ཀྱི་གནས་བབས་བཅས་ཀྱི་སྐོར་གསུང་བཤད་དང། རེ་རེ་བཞིན་དྲི་བ་དྲིས་ལན་བཅས་བྱས།
ཉིན་གཉིས་པ་ཕྱི་ཚེས་༢༣ ཉིན་གྱི་ཞོགས་ཆུ་ཚོད་༩།༣༠ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་རྒྱ་ནག་གཞུང་གི་སྒྲོམ་གཞི་དང་། ཚོགས་འདུ་རིམ་པའི་ནང་དོན་སྐོར་གསུང་བཤད་དང་རྗེས་དྲི་བ་དྲིས་ལན་བཅས་ཉིན་གུང་ཆུ་ཚོད་དང་པོའི་བར་བྱས་ཤིང། ཉིན་རྒྱབ་ཆུ་ཚོད་༢ པ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ཀྱིས། བོད་བརྒྱུད་ནང་བསྟན་“ཀྲུང་གོ་”ཅན་དུ་བསྒྱུར་བའི་སྲིད་བྱུས་སྐོར་དང། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་ལྡན་གྱིས། རྒྱ་ནག་གི་དམག་དོན་སྐོར་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་བཅས་བྱས།
ཕྱི་དྲོ་ཆུ་ཚོད་༤།༣༠ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སྐོར་འགྲེལ་བརྗོད་དང་དེའི་སྐོར་གྲོས་བསྡུར་གནང།
ཉིན་གསུམ་པ་ཕྱི་ཚེས་༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག་སྐུ་ཚབ་ཟུར་པ་དང་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་སྐལ་བཟང་རྒྱལ་མཚན་གྱིས། བོད་རྒྱ་འབྲེལ་མོལ་བྱུང་རིམ་དང་། དེ་འབྲེལ་རྒྱལ་སྤྱིའི་ནང་ཆབ་སྲིད་འགྲོ་སྟངས་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་བཅས་ཉིན་གུང་ཆུ་ཚོད་དང་པོའི་བར་གནང།
ཉིན་རྒྱབ་ཆུ་ཚོད་༢ པ་ནས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་དང། འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་གཉིས་ཀྱིས་རྩོད་རྙོག་འདུམ་སྒྲིག་སྐོར་གྱི་ཟབ་ཁྲིད་དང་དྲི་བ་དྲིས་ལན་བཅས་བྱས་ཡོད་པ་དང། ཕྱི་ཚེས་༢༥ སྔ་དྲོ་དང་ཉིན་རྒྱབ་ཚོགས་ཐུན་གཅིག་བཅས་མུ་མཐུད་རྩོད་རྙོག་འདུམ་སྒྲིག་གི་སྐོར་ཟབ་ཁྲིད་གནང་ཡོད་པ་རེད།
ཕྱི་ཚེས་༢༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣ པ་ནས་༥ པའི་བར་སྤྱི་འཐུས་ནང་ཁུལ་བསམ་ཚུལ་བརྗེ་ལེན་གྱི་ལས་རིམ་གྲུབ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་གིས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་བཞིའི་རིང་གི་ཐབས་བྱུས་ཚོགས་འདུ་དེ་ལེགས་པར་གྲུབ་ཡོད་པ་རེད།།
སྤྱི་ཁྱབ་རྩོམ་སྒྲིག་པ།