ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་མཇུག་བསྒྲིལ་བ།
གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཏུ། བོད་རྒྱ་གྲོས་མོལ་ཡོངས་ཐབས་ལ་གྲ་སྒྲིག་ག་རེ་བྱེད་དགོས་ཀྱི་འདུག བསམ་བློ་གཏོང་ཕྱོགས་དེ་གང་འདྲ་བྱེད་དགོས་ཀྱི་འདུག ཕྱིའི་རྒྱལ་ཁབ་ཁག་ལ་བོད་རྒྱ་གྲོས་མོལ་དང་འབྲེལ་ནས་འབྲེལ་བ་ག་འདྲ་གནང་དགོས་པའི་སྐོར་དང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་སུ་ལས་འགུལ་ག་རེ་སྤེལ་དགོས་མིན་དང་། ཞུ་གཏུག་ག་རེ་བྱ་དགོས་མིན་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱུང་ཡོད་པ་རེད་འདུག
ཟླ་༧ པའི་ཚེས་༢༩ ཉིན་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་མཇུག་བསྒྲིལ་གནང་ཡོད་པ་དང་། དེའི་ཐད་ཚོགས་ཆུང་གི་ཚོགས་མི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ཀྱིས་ད་ལན་གྱི་ཚོགས་འདུའི་ཐོག་ང་ཚོས་བོད་རྒྱ་འབྲེལ་མོལ་ཡོངས་ཐབས་ལ་གྲ་སྒྲིག་ག་རེ་བྱེད་དགོས་ཀྱི་འདུག བསམ་བློ་གཏོང་ཕྱོགས་དེ་གང་འདྲ་བྱེད་དགོས་ཀྱི་འདུག ཕྱིའི་རྒྱལ་ཁབ་ཁག་ལ་བོད་རྒྱ་ཞི་མོལ་དང་འབྲེལ་ནས་འབྲེལ་བ་ག་འདྲ་གནང་དགོས་པའི་སྐོར་ལ་གོ་བསྡུར་བྱུང་སོང་། དེ་བཞིན་དོན་ཚན་གཉིས་པ་དེ་རྒྱལ་སྤྱིའི་ནང་དང་ལྷག་པར་ཡུ་རོབ་ནང་དུ་བོད་དོན་ཐོག་ལ་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་བ་གང་འདྲ་སྤེལ་དགོས་ཀྱི་འདུག དེ་དག་གི་ཆབ་སྲིད་ཀྱི་གནས་སྟངས་གང་འདྲ་ཆགས་ཀྱི་འདུག བོད་དང་རྒྱ་ནག་ཐོག་ཏུ་འཛིན་པའི་སྲིད་བྱུས་ག་རེ་ཆགས་ཡོད་མེད་ཐོག་གོ་བསྡུར་ཞིབ་ཅིང་ཕྲ་བ་ཞིག་གནང་ཡོད་པ་རེད། ལྷག་པར་དུ་ཡུ་རོབ་ནང་དུ་རྒྱལ་ཁབ་མང་པོ་ཞིག་ཡོད་པ་རེད། ཨ་རི་དང་ཁེ་ན་ཌ་ལྟ་བུ་ཡིན་ན་བོད་དོན་ཐོག་གང་ལ་གང་འཚམ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་མཁན་ཞིག་རེད། སྤྱིར་བཏང་ཡུ་རོབ་མི་མང་དང་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་སོགས་ནས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་སུ་ལས་འགུལ་ག་རེ་སྤེལ་དགོས་མིན་དང་། ཞུ་གཏུག་ག་རེ་བྱ་དགོས་མིན། དེ་བཞིན་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སོ་སོའི་ནང་ལས་དོན་དམིགས་སུ་བཀར་ནས་དགོས་འདུན་ག་རེ་ཞུ་དགོས་མིན་གྱི་ཐད་ལ་གོ་བསྡུར་བྱུང་ཡོད་པ་དང་། ལོ་སྔོན་མའི་ཟླ་ ༡༡ ནང་གི་ཚོགས་ཐེངས་དང་པོའི་སྐབས་སུ་གོ་བསྡུར་བྱུང་བའི་ཚིག་ཐོ་དེ་དག་ལ་བསྐྱར་ཞིབ་གནང་ནས། མཇུག་སྐྱོང་བྱ་དགོས་པའི་རིགས་དེ་དག་བསྐྱར་ཞིབ་གནང་ཡོད་རེད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར་ལ་གྲོས་བསྡུར་གནང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
དེ་སྔོན་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཡིག་ཆ་ཞིག་གནང་འཆར་ཡོད་སྐོར་གསུངས་ཡོད་པ་དེའི་ཐད་གསར་འགོད་པ་ཞིག་གིས་སྐད་ཆ་དྲིས་སྐབས། ཁོང་གིས་རྒྱ་ནག་གཞུང་ལ་བོད་རྒྱ་ཞི་མོལ་ཐད་ཀྱི་ཡིག་ཆ་ཞིག་སྤྲད་རྒྱུ་དེར་བསྐྱར་ཞིབ་བྱེད་མུས་ཡིན་པ་དང་། རྒྱལ་སྤྱིར་ཨུ་རུ་སུས་ཡུ་ཁེ་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་ཚ་གླེང་བྱེད་མུས་ཡིན་ཡང་། འདི་ལོའི་ཟླ ༡༠ པའི་ནང་རྒྱ་ནག་གཞུང་གི་ཚོགས་ཆེན་དང་བསྟུན། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་ཡོད་སྟབས། ད་ལྟ་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་ཡིག་ཆ་དེ་རྒྱ་ནག་གཞུང་ལ་སྤྲད་རྒྱུར་འོས་འཚམ་ཞིག་མིན་སྐོར་ལན་འདེབས་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།