ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག
ཟླ་༧ པའི་ཚེས་༢༧ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དབུ་བཞུགས་ཐོག ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་འདུག
ཚོགས་འདུ་དེ་བཞིན་ཕྱི་ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་འཚོག་ཀྱི་ཡོད་ཁར། ཚོགས་འདུར་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན། དེ་བཞིན་ཚོགས་མི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་བཅས་དངོས་སུ་ཕེབས་ཡོད་པ་དང་། ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་དྲ་ལམ་བརྒྱུད་ཚོགས་ཞུགས་གནང་གི་ཡོད་པ་རེད་འདུག
དེ་ཡང་ཕྱི་ལོ་༢༠༢༡ ལོའི་ཟླ་༨ པའི་ཚེས་༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་འཛིན་སྐྱོང་བཀོད་ཁྱབ་ཅིག་བཏང་ནས། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་དེའི་ཚབ་ཏུ་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞེས་པ་ཞིག་གསར་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དེ་ཡང་བཀའ་ཁྱབ་ནང་དུ། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་བསྐྱངས་པ་ནས་བཟུང་། བཀའ་ཤག་རིམ་པས་མི་འགྲོ་སྣོན་འཇུག་གནང་སྟེ་ད་ཆ་ཚོགས་མི་གྲངས་༡༦ ཙམ་ཡོད་འདུག་ཅིང་། ད་ཡོད་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་ལམ་ཕྱོགས་མཐར་བཞུགས་ཏེ། སྤྱི་སྒེར་གྱི་མཛད་ཁུར་ཅི་རིགས་བཞེས་བཞིན་པ་དང་། བཞུགས་སྒར་ཁུལ་གྱི་ཚོགས་མི་རྣམ་པས་ཀྱང་ལས་ཡུལ་དང་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་དང་གནང་མུས་དེ་ཉིད་ལས་དོན་གྱི་ངོ་བོ་དང་མཐུན་པའི་བཅོས་སྒྲིག་དགོས་གལ་ལ་བརྟེན། ཕྱི་ལོ་༢༠༢༡ ལོའི་ཟླ་༨ པའི་ཚེས་༡༣ ཉིན་ནས་བཟུང་ད་ཡོད་ཚོགས་ཆུང་ཕྱིར་བསྡུའི་ཐག་གཅོད་དང་སྦྲགས། འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལ་འགན་བསྐུར་བགྱིས་པའི་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཏེ། ཚོགས་ཆུང་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱུ་ཡིན་པ་བཅས་ཀྱི་བཀོད་ཁྱབ་ཏུ། ཞེས་འཁོད་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།