ཐའེ་ཝན་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མིར་ལྕམ་ཚེ་དབྱིང་ཝན་འདེམས་ཐོན་བྱུང་འདུག
ཕྱི་ལོ་༢༠༢༠ ལོར་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུའི་ལས་རིམ་འགྲོ་རྒྱུ་ཡིན་པ་དང་བསྟུན། གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་གྱི་སྲིད་འཛིན་འོས་མིའི་འོས་འགྲན་མཇུག་བསྒྲིལ་ནས། གྲུབ་དོན་དུ་སྲིད་འཛིན་ལས་ཁུར་བ་ལྕམ་ཚེ་དབྱིང་ཝན་ལ་རྒྱལ་ཁ་ཐོབ་འདུག
ཕྱི་ལོ་༢༠༢༠ ལོར་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུའི་ལས་རིམ་འགྲོ་རྒྱུ་ཡིན་པ་དང་བསྟུན། གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་གྱི་སྲིད་འཛིན་འོས་མིའི་འོས་འགྲན་མཇུག་བསྒྲིལ་ནས། གྲུབ་དོན་དུ་སྲིད་འཛིན་ལས་ཁུར་བ་ལྕམ་ཚེ་དབྱིང་ཝན་ལ་རྒྱལ་ཁ་ཐོབ་འདུག
ཟླ་༦ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་དང་སྲིད་འཛིན་ལས་ཁུར་ལྕམ་ཚེ་དབྱིང་ཝན་དང་སྲིད་བློན་ཟུར་པ་ཝི་ལིམ་ལཱི་བར་འོས་འགྲན་བྱས་ཏེ། སྲིད་དོན་ཚོགས་པ་དེའི་ཕྱི་ལོ་༢༠༢༠ ལོའི་སྲིད་འཛིན་འོས་མིར་ལྕམ་ཚེ་དབྱིང་ཝན་ལ་འདེམས་ཐོན་བྱུང་ཡོད་པ་དང་། ཐའེ་ཝན་མི་མང་གི་ཆེད་དུ་འོས་མི་ཡག་ཤོས་དེ་འདེམས་ཐོན་བྱུང་ཡོད་པས། སྲིད་དོན་ཚོགས་པའི་ཚོགས་མི་རྣམས་ཆིག་སྒྲིལ་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག བདུན་ཕྲག་རྗེས་མར་མང་གཙོ་ཡར་ཐོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས། ལྕམ་ཚེ་དབྱིང་ཝན་སྲིད་འཛིན་འོས་མི་བྱེད་པར་མོས་མཐུན་བྱེད་དགོས་ཀྱི་ཡོད་འདུག
རྒྱ་ནག་དང་འབྲེལ་ཐག་ཉེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་གོ་མིན་ཏང་ཚོགས་པས། ཟླ་༧ པའི་ནང་ཚོགས་པ་དེའི་སྲིད་འཛིན་འོས་མིའི་འོས་བསྡུ་བྱེད་རྒྱུ་ཡིན་འདུག
ཕྱི་ལོ་༢༠༡༦ ལོར་ལྕམ་ཚེ་དབྱིང་ཝན་ལ་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་འོས་གྲངས་བརྒྱ་ཆ་༢༥ ལྷག་ཙམ་གྱི་ཧེ་བག་ཐོག་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་རེད། ཁོང་གི་སྲིད་དོན་ཚོགས་པ་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས། རྒྱ་ནག་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་མ་ཟད། རྒྱལ་སྤྱིའི་ནང་ཐའེ་ཝན་དང་འབྲེལ་ལམ་འཇོག་མཁན་རྒྱལ་ཁབ་ཆུང་ཆུང་རྣམས་ལ་གནོན་ཤུགས་སྤྲད་ནས། འབྲེལ་ལམ་བཅད་དུ་བཅུག་ཡོད་པ་རེད། རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་ཐུབ་མེད་ཁར། ཁོང་གི་སྲིད་བྱུས་ཁག་ཅིག་ལ་སྐྱོན་བརྗོད་ཆེན་པོ་བྱུང་རྐྱེན། ཕྱི་ལོ་༢༠༡༨ ལོའི་ཟླ་༡༡ པའི་ནང་ཐའེ་ཝན་གྱི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་དཔོན་དང་ས་གནས་ཁག་གི་དཔོན་རིགས་སོགས་རྐུབ་སྟེགས་༡༡༠༠༠ ལས་མང་བར་འོས་བསྡུ་བྱས་པའི་གྲུབ་དོན་དུ། གཞུང་འཛིན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་ཡོད་ཁར། གོ་མིན་ཏང་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་བྱུང་བས། སྐབས་དེར་ལྕམ་ཚེ་དབྱིང་ཝན་གྱིས་ སྲིད་དོན་ཚོགས་པ་དེའི་ཚོགས་གཙོ་ཡིན་པའི་ཆ་ནས། ཕམ་ཁ་དེའི་འགན་ལེན་ཆ་ཚང་བྱེད་ཀྱི་ཡོད་པས། རང་ཉིད་སྲིད་དོན་ཚོགས་པའི་ཚོགས་གཙོ་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་བྱས། མི་མང་གི་མང་གཙོའི་རིན་ཐང་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་མང་གཙོས་ཁོང་ཚོར་བསླབ་བྱ་ཡག་པོ་ཞིག་སྤྲད་ཡོད་སྐོར་བརྗོད་འདུག
སྐབས་དེར་དཔྱད་བརྗོད་པ་མང་པོ་ཞིག་གིས། ཕྱི་ལོ་༢༠༢༠ ལོའི་འོས་བསྡུའི་སྐབས་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་ཁོང་ཆགས་རྒྱུ་ཕལ་ཆེར་ཁག་པོ་ཡིན་སྐོར་བརྗོད་ཡོད་པ་རེད།
འོན་ཀྱང་ཕྱི་ལོ་༢༠༡༩ ལོའི་ཟླ་༡ པོའི་ཚེས་༢ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲང་བདེན་གནད་དོན་དེ་འགྱུར་བ་གཏོང་ཐུབ་མཁན་སུ་གང་མེད་པས། ཐའེ་ཝན་མི་མང་གིས་རང་བཙན་བརྩད་ན་དཀའ་ངལ་མ་གཏོགས་ཡོང་རྒྱུ་མེད་པ་ངེས་ཤེས་རྙེད་པ་བྱས་ཏེ། ཞི་བའི་ངང་རྒྱ་ནག་གི་མངའ་ཁོངས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཕྱིར་ལོག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚང་མར་བཟོད་སྲན་བྱེད་ཐབས་མེད་ཁར། རྒྱ་ནག་གིས་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་ལོག་ཡོང་ཐབས་སུ་དྲག་པོའི་དམག་འཐབ་བྱེད་པའི་ལམ་ཁ་ལ་འགྲོ་རྒྱུའི་འདམ་ག་མུ་མཐུད་ཉར་རྒྱུ་ཡིན་སྐོར་བརྗོད་ཡོད་པས། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཟེར་བ་དེར་ཁས་ལེན་བྱེད་ཀྱི་མེད་པ་དང་། ཐའེ་ཝན་མི་མང་ཕལ་ཆེ་བས་སྲིད་བྱུས་དེར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་སྐོར་བརྗོད། ཐའེ་ཝན་དང་ཕྱོགས་གཉིས་གྲོས་མོལ་བྱེད་རྒྱུའི་འདོད་པ་ཡོད་ཀྱང་། དེ་ཡང་ཐའེ་ཝན་དེ་མང་གཙོའི་རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་ནས་བྱེད་རྒྱུ་ཡིན་སྐོར་གྱི་ལན་འདེབས་བྱས་ཡོད་ཁར། ཟླ་༢ པའི་ནང་གོ་མིན་ཏང་སྲིད་དོན་ཚོགས་པས་གལ་ཏེ་ཕྱི་ལོ་༢༠༢༠ ལོར་ཚོགས་པ་དེར་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། རྒྱ་ནག་དང་ཞི་བའི་གྲོས་མཐུན་འཇོག་རྒྱུ་ཡིན་སྐོར་བརྗོད་པར། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས། ཐའེ་ཝན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མང་གཙོ་ལ་གནོད་པའི་གྲོས་མཐུན་ཞིག་ངོས་ལེན་བྱེད་མི་སྲིད་སྐོར་བརྗོད། རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་དྲག་པོ་བཅག་ནས། ཐའེ་ཝན་གྱི་བདག་དབང་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་རྣམ་པ་བསྟན་རྐྱེན། ཐའེ་ཝན་དང་རྒྱལ་སྤྱིའི་ནང་ཁོང་ལ་རྒྱབ་སྐྱོར་དང་ཡི་རངས་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད་ལ། ཐེངས་འདིར་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་ཡོད་པ་རེད།
རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱལ་སྤྱིའི་ནང་གནོན་ཤུགས་སྤྲད་ནས། ཐའེ་ཝན་ཟུར་ཕུད་ཡོང་ཐབས་བྱེད་བཞིན་ཡོད་ཁར་གྲུབ་འབྲས་ཀྱང་ཐོན་གྱི་ཡོད་པ་རེད་དེ། ཨ་རིས་ཐའེ་ཝན་ལ་མཚོན་ཆ་ཕོན་ཆེན་བཙོང་བ་དང་འབྲེལ་ལམ་ཡག་ཏུ་གཏོང་བ་སོགས་ཀྱི་བྱེད་ལས་ལ་བརྟེན་ནས། རྒྱ་ནག་གིས་ཨ་རི་ལ་སྐྱོན་བརྗོད་བྱེད་པ་དང་། ཐའེ་ཝན་ལ་སྡིགས་བསྐུལ་བྱེད་པ་ལས་དངོས་སུ་དྲག་ཤུགས་བཀོལ་སྤྱོད་བྱེད་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།