ཐའེ་ཝན་གྱི་བླ་ཆེན་ཝིས་བཅུའེ་སྐུ་གྲོངས་པར་མྱ་ངན།
ཟླ་འདིའི་ཚེས་༢༣ ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་པས་ཚོགས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༨ ཉིན་ཐའེ་ཝན་ཀྲུང་ཐའེ་བསམ་གཏན་དགོན་པའི་བསྟན་བདག་སློབ་
ཟླ་འདིའི་ཚེས་༢༣ ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་པས་ཚོགས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༨ ཉིན་ཐའེ་ཝན་ཀྲུང་ཐའེ་བསམ་གཏན་དགོན་པའི་བསྟན་བདག་སློབ་དཔོན་ཆེན་མོ་ཝིས་བཅུའེ་惟覺སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཞིང་། ཐའེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། དེ་བཞིན་རྒྱ་བརྒྱུད་ནང་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་སོགས་གཅིག་རྗེས་གཉིས་འཐུད་ཀྱིས་མྱ་ངན་འཚམས་འདྲི་ཞུ་ཆེད་དངོས་སུ་ཀྲུང་ཐའེ་བསམ་གཏན་དགོན་དུ་ཕེབས་ནས་མྱ་ངན་འཚམས་འདྲི་དང་མཆོད་འབུལ་གསོལ་སྨོན་ཞུས་ཡོད་པ་རེད།
ཕྱི་ལོ་༢༠༡༦ ལོའི་ཟླ་༤ ཚེས་༢༡ ཉིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་དེ་ཐའེ་བཞུགས་བོད་བརྒྱུད་ཆོས་བརྒྱུད་བཞིའི་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་བཞི་བཅུ་ཞེ་དྲུག་དང་། དགེ་བསྙེན་དུ་མ་དངོས་སུ་གདུང་སེམས་མཉམ་བསྐྱེད་དུ་ཕེབས་ཤིང་། སྐུ་གདུང་མདུན་ཁ་བཏགས་ཕུལ་ནས་མར་མེ་སྦར་ཞིང་ཞལ་འདོན་གནང་བར་མ་ཟད། རྟོགས་པ་མཆོག་ཉིད་མངོན་གྱུར་ཏེ། ། མཐའ་གཉིས་ལ་ནི་གནས་མ་ཡིན། ། སྨོན་ལམ་སྟོབས་ཀྱིས་སླར་བྱོན་ནས།། འགྲོ་དོན་རྒྱ་ཆེན་བྱེད་པར་ཤོག ། ཅེས་པའི་སྨོན་ཚིག་བྱང་བུས་བརྒྱན་པའི་མེ་ཏོག་ཕུལ།
ཁོང་གི་རྗེས་འཇུག་དག་གི་ངོས་ནས་དུས་རྒྱུན་དམིགས་བསལ་འབྲེལ་ལམ་མེད་པའི་བོད་བརྒྱུད་ནང་པའི་དགེ་འདུན་པ་ཧ་ཅང་ཕོན་ཆེན་པོ་ཞིག་སྟོན་པ་གཅིག་པ་དང་ནང་པ་གཅིག་པའི་དམ་ཚིག་དང་བརྩེ་དུང་བཅངས་ཏེ་ཆེད་ཕེབས་གནང་ནས་འཚམས་འདྲི་ཞུས་པར་བློ་ཡུལ་ལས་འདས་པའི་དགའ་སྣང་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་ཟེར།
དེ་ཡང་ཐའེ་ཝན་གྱི་གནས་བརྟན་ཆེན་པོ་ཝིས་བཅུའེ་ནི་ཕྱི་ལོ་༡༩༢༨ ལོར་ཟི་ཁྲོན་དུ་འཁྲུངས། གོ་མིན་ཏང་དང་མཉམ་དུ་ཐའེ་ཝན་དུ་ཕེབས། ༡༩༦༣ ལོར་རབ་ཏུ་བྱུང་། ལོ་བཅུ་ལྷག་ལ་རི་ཁྲོད་དུ་བཅད་རྒྱ་གནང་། ༡༩༨༧ ལོར་སྙན་གྲགས་ཅན་གྱི་ཀྲུང་ཐའེ་བསམ་བཏན་དགོན་པ་བཏབ། དགོན་པ་འདི་འཆར་འགོད་ལ་ལོ་གསུམ། འཛུགས་སྐྲུན་ལོ་བདུན་ལ་བྱས་ཤིང་། ༢༠༠༡ལོར་ལེགས་པར་གྲུབ།
དགོན་པ་འདིས། ཤེས་ཡོན་ཅན། སློབ་གསོ་ཅན། སྒྱུ་རྩལ་ཅན། ཚན་རིག་ཅན། འཚོ་བ་ཅན་ཏེ་ཅན་ལྔའི་ཕུགས་འདུན་གཏན་ལ་ཕེབས་ཤིང་། ཕུགས་འདུན་དེའི་འོག་ནས་ཀྲུང་ཐའེ་ནང་བསྟན་སློབ་གླིང་། ཀྲུང་ཐའེ་དངོས་མང་བཤམས་སྟོན་ཁང་། ནང་བསྟན་སོགས་དང་འབྲེལ་བའི་རིག་དངོས་རྣམ་གྲངས་ཆིག་སྟོང་ཉིས་བརྒྱ་བདུན་ཅུ་དོན་གསུམ་ཉར་བའི་ཀྲུང་ཐའེ་འཛམ་གླིང་དངོས་མང་བཤམས་སྟོན། ཕུའུ་ཐའེ་སློབ་ཆུང་དང་སློབ་འབྲིང་། ཀྲུང་ཐའེ་ཤེས་རིག་ཐེབས་རྩ་ཁང་། ཀྲུང་ཐའེ་སྒོམ་སྒྲུབ་ཚོགས་པ། ཀྲུང་ཐའེ་ནང་བསྟན་ཐེབས་རྩ་ཚོགས་པ། ཀྲུང་གོ་དུས་རབས་ནང་ཆོས་སྐུལ་རོགས་ཚོགས་པ། ཀྲུང་ཐའེ་སྒྱུ་རྩལ་ཐེབས་རྩ་ཚོགས་པ་སོགས་ཡོད་ཅིང་། འཛམ་གླིང་ས་ཁུལ་འདྲ་མིན་དུ་ཡན་ལག་ཆོས་ཚོགས་བརྒྱ་དང་བརྒྱད། དགེ་འདུན་པ་ཞལ་གྲངས་བརྒྱད་བརྒྱ་ཙམ་ཡོད་པར་བཤད་ཅིང་། དགོན་པ་དེའི་ཁྱོན་ཡོངས་ཀྱི་རིག་དངོས་དང་ཐེབས་རྩ་སོགས་ཐའེ་ཝན་སྒོར་མོ་དུང་ཕྱུར་བརྒྱད་ཅུ་བརྒལ་བ་དང་། ཉིན་རེའི་མཆོད་མཇལ་བ་དང་ཡུལ་སྐོར་བའི་གྲངས་ཚད་ཁོ་ནའང་ཁྲི་ལས་བརྒལ་གྱིན་ཡོད།
ཚི་ཅི་དང་། སངས་རྒྱས་འོད་ཀྱི་རི་བོ། ཆོས་རྔ་རི་བོ། ཀྲུང་ཐའེ་བསམ་གཏན་དགོན་བཅས་ནི་ཐའེ་ཝན་གྱི་དགོན་ཆེན་བཞི་རུ་གྲགས་པ་ཡིན། ཝིས་བཅུའེ་སྐུ་འདས་རྗེས་ཁོང་གི་ཐུགས་སྲས་བཙུན་པ་ཅན་ཏིང་ཞུ་བ་ཞིག་ཁོང་གི་རྒྱལ་ཚབ་ཏུ་གཏན་ཁེལ་ཡོད་དོ།།