ཐའེ་ཝན་གྱི་མཐུན་གྲོགས་ཤིག་གིས་ཐའེ་ཝན་དང་གཞུང་འབྲེལ་བཅད་པར་ཨ་རིས་སྐྱོན་བརྗོད་བྱས་འདུག
ཨ་རི་དབུས་མའི་(Central America)རྒྱལ་ཁབ་ཆུང་ཆུང་ནཱ་ཁ་ར་གྷོན་(Nicaraguan)གྱིས་ཐའེ་ཝན་དང་གཞུང་འབྲེལ་བཅད་དེ་པེ་ཅིང་སྲིད་གཞུང་ངོས་འཛིན་བྱས་རྗེས། ཨ་རིས་ནཱ་ཁ་ར་གྷོན་གྱི་སྲིད་འཛིན་ཨོ་ཋ་གྷ་(Daniel Ortega)འོས་ཤོག་རྫུན་མའི་ཐབས་ལ་བརྟེན་ནས་ཡོང་བ་ཡིན་པས། ཁོ་ལ་ཐའེ་ཝན་དང་གཞུང་འབྲེལ་མཚམས་འཇོག་བྱེད་པའི་ཐོབ་ཐང་དང་དབང་ཚད་མེད་ཅེས་བཤད་འདུག
ཟླ་འདིའི་ཨ་རིའི་ཚེས་ ༩ ཉིན་ཨ་རི་དབུས་མའི་རྒྱལ་ཁབ་ནཱ་ཁ་ར་གྷོན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་དེས་ཐའེ་ཝན་དང་འབྲེལ་ཐག་བཅད་དེ་རྒྱ་ནག་ངོས་འཛིན་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་འདུག་པས། རྒྱལ་ཁབ་དེ་ཐའེ་ཝན་དང་གཞུང་གི་འབྲེལ་ལམ་མཚམས་འཇོག་བྱས་ཏེ་རྒྱ་ནག་ལ་གཞུང་འབྲེལ་གསར་འཛུགས་བྱེད་མཁན་གྱི་རྒྱལ་ཁབ་གསར་ཤོས་དེ་ཆགས་ཡོད་འདུག
ནཱ་ཁ་ར་གྷོན་གྱིས་ཐའེ་ཝན་དང་གཞུང་འབྲེལ་མཚམས་འཇོག་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས། ཉིན་དེ་རང་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གནད་དོན་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནེ་ཌི-ཕི་ར་སི་(Ned Price)ཡིས་ནཱ་ཁ་ར་གློན་གྱི་སྲིད་འཛིན་ཨོ་ཋ་གྷ་“འོས་ཤོག་རྫུན་མའི་”ལམ་ལས་ཡོང་བ་ཡིན་པས། ཁོའི་སྲིད་གཞུང་གིས་རྒྱལ་ཁབ་དེའི་མི་མང་གི་མངོན་འདོད་མཚོན་མི་ཐུབ་པ་དང་། ཐའེ་ཝན་དང་འབྲེལ་ཐག་གཅོད་པའི་དབང་ཚད་དང་ཐོབ་ཐང་མེད་ཅེས་བཤད་ཡོད་འདུག
ཕྱི་ལོ་ ༢༠༡༧ ལོར་ཐའེ་ཝན་དང་གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་ ༢༡ ཡོད་འདུག་རུང་། དེ་ནས་བཟུང་རྒྱ་ནག་གི་གནོན་ཤུགས་དང་གཡོ་བྱུས་འོག་འོག་ནས་རྒྱལ་ཁབ་མང་པོས་ཐའེ་ཝན་དང་འབྲེལ་ཐག་བཅད་པས། ད་ལྟའི་ཆར་ཐའེ་ཝན་དང་དངོས་སུ་གཞུང་གི་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ ༡༣ ལས་ཡོད་མི་འདུག
ཡིན་ན་ཡང་། པེ་ཅིང་དུ་ལས་དོན་སྒྲུབ་མྱོང་བའི་ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་མི་སྣ་ནཱ་ཋ་ཤཱ-ཁ་སམ་(Natasha Kassam)གྱིས། ཐའེ་ཝན་ལ་མཚོན་ན། ནཱ་ཁ་རྒོན་གྱིས་ཐའེ་ཝན་དང་གཞུང་འབྲེལ་མཚམས་འཇོག་བྱས་པ་དེ་བློ་ཕམ་དགོས་པ་ཞིག་ན་ཡང་། “ཉེ་བའི་ལོ་ཤས་ནང་དུ་ཐའེ་ཝན་གྱིས་ཨ་རི་དང་ཉི་ཧོང་ལྟ་བུའི་རྒྱལ་ཁབ་སྟོབས་ཆེན་རྣམས་དང་གཞུང་འབྲེལ་མ་ཡིན་པའི་འབྲེལ་ལམ་རྒྱ་བསྐྱེད་དང་ཟབ་ཏུ་གཏོང་བཞིན་ཡོད་པས། འཛམ་གླིང་གི་སྡིངས་ཆའི་ཐོག་ཏུ་དེ་ནི་གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་དག་ལས་ཀྱང་ཕན་ཐོགས་དང་གལ་འགངས་ཆེ་བ་ཡོད་”ཅེས་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་གསལ་བསྒྲགས་དེའི་ཐོག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནེ་ཌི-ཕི་ར་སི་ཡིས། མང་གཙོ་དང་། ཕྱི་གསལ་ནང་གསལ། ཁྲིམས་ཀྱི་དབང་སྒྱུར། དཔལ་འབྱོར་འཕེལ་རྒྱས་གལ་ཆེན་དུ་འཛིན་མཁན་གྱི་རྒྱལ་ཁབ་ཚང་མས་“ཐའེ་ཝན་དང་འབྲེལ་ལམ་རྒྱ་སྐྱེད་”གཏོང་དགོས་པའི་འབོད་སྐུལ་ཞུས་ཏེ་ཨ་རིས་ཐའེ་ཝན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།