ཐའེ་ཝན་གྱི་མི་སེར་མང་པོ་རྒྱ་ནག་ནང་བཀག་ཉར་བྱས་ཡོད་འདུག 

ཐའེ་ཝན་ནས་རྒྱ་ནག་གི་གྲོང་ཁྱེར་(Macau)་མཱ་ཁའོ་དང་ཧོང་ཀོང་སོགས་ལ་ཡུལ་སྐོར་སྤྲོ་འཁྱམ་དང་ཚོང་དོན་གྱི་ཆེད་དུ་འགྲོ་མཁན་མི་མང་པོ་ཞིག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་། རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་སོགས་ཁྲིམས་ལུགས་འདྲ་མིན་གྱི་འོག་ནས་བཀག་ཉར་དང་འདྲི་རྩད་བྱེད་ཀྱི་ཡོད་འདུག 

ཕྱི་ཚེས་༩ ཉིན་(Taipei times)ཐའེ་པེ་དུས་བབ་ཅེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འགའ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་ཁྲིམས་ལུགས་འདྲ་མིན་མང་པོ་ཞིག་བཟོས་ནས་ཧོང་ཀོང་དང་མཱ་ཁའོ་སོགས་ཀྱི་ནང་དུ་ཡོང་མཁན་ཐའེ་ཝན་གྱི་མི་སེར་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་བཞིན། ཐའེ་ཝན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་(Tsai Ming-yen (蔡明彥)ཟེར་བ་ཁོང་གིས་རྒྱ་ནག་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་། རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ གསང་མྱུལ་འགོག་རྒོལ་གྱི་ཁྲིམས་ལུགས་སོགས་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། ཐའེ་ཝན་གྱི་མི་སེར་མང་པོ་ཞིག་རྒྱ་ནག་ནང་བཀག་ཉར་དང་འདྲི་རྩད་བྱེད་ཀྱི་ཡོད་པར་བརྗོད་འདུག ལོ་སྔོན་མའི་ཕྱི་ཟླ་༧ པ་ནས་བཟུང་རྒྱ་ནག་ནང་ཐའེ་ཝན་གྱི་མི་སེར་ཡིན་པའི་ཁྱོན་མི་༡༥ བཀག་ཉར་བྱས་ཡོད་འདུག་ལ། དེ་བཞིན་མི་༥༡ ཙམ་ལ་ས་མཚམས་ནས་འདྲི་རྩད་བྱས་པ་སོགས་ཀྱི་དཀའ་ངལ་སྤྲད་ཡོད་འདུག ད་དུང་དཀའ་ངལ་དེ་འདྲ་འཕྲད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་ཡང་རྗོད་ཀྱི་ཡོད་འདུག ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་(Tsai Ing-wen)གྱིས་ཐའེ་ཝན་གྱི་གྲོས་ཚོགས་ཕྱི་འབྲེལ་ལྷན་ཚོགས་ཐོག ཐའེ་ཝན་ནས་རྒྱ་ནག་ལ་ཡུལ་སྐོར་སྤྲོ་འཁྱམ་དང་ཚོང་དོན་ཆེད་དུ་འགྲོ་མཁན་རྣམས་ཀྱིས་རང་ཉིད་ཀྱི་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་པ་དང་། བྱུང་ན་མ་སོང་ན་ཡག་ཡོད་ཚུལ་བརྗོད་འདུག དམིགས་བསལ་ཐའེ་ཝན་གཞུང་གི་ནང་དུ་ཆེད་ལས་ལས་ཀ་བྱེད་མཁན་དཔེར་ན་གསང་བའི་ལས་ཀ་བྱེད་མཁན་དང་། རྒྱ་ནག་སྐོར་ཉམས་ཞིབ་བྱེད་མཁན། འཕྲུལ་རིགས་དང་འབྲེལ་བའི་ཐོག་ལས་ཀ་བྱེད་མཁན་སོགས་ཀྱི་མི་སྣ་རྣམས་གཟབ་གཟབ་བྱེད་དགོས་པར་བརྗོད་ཡོད་འདུག ཉེ་ཆར་ཐའེ་ཝན་གྱི་མི་སེར་གཉིས་གནས་སྐོར་དང་མཆོད་མཇལ་དུ་ཕྱིན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ད་དུང་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་(Tsai Ing-wen)གྱིས་ད་ཆར་རྒྱ་ནག་གཞུང་གི་མཚོ་གྲུ་ཐའེ་ཝན་གྱི་ཉེ་འཁོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་མཚོ་ཁུལ་བདག་དབང་སྲུང་སྐྱོབ་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་།  ཐའེ་ཝན་གྱི་ཉ་པ་ཚོས་གང་གཟབ་བྱེད་དགོས་པར་བརྗོད་འདུག དེ་བཞིན་རྒྱ་ནག་གི་མཚོ་གྲུ་ཡིས་ཐའེ་ཝན་གྱི་མངའ་ཁུལ་ནང་ཚུར་རྒོལ་འདྲ་བྱས་ན་དུས་ཐོག་ཏུ་གཞུང་ལ་བརྡ་ལན་སྤྲོད་དགོས་པའི་དྲན་སྐུལ་བྱས་འདུག 

བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ཐའེ་ཝན་གྱི་ཉ་འཛིན་མཁན་གྲུ་ཞིག་རྒྱ་ནག་གིས་འཛིན་བཟུང་བྱས་ནས་ད་དུང་གློད་ཡོད་མི་འདུག ལྷན་ཚོགས་དེའི་ཐོག་གསར་འགོད་པ་ཞིག་གིས་(Tsai Ing-wen)་ལ། ཉེ་ཆར་རྒྱ་ནག་གི་མཚོ་ནང་ཉམས་ཞིབ་བྱེད་མཁན་གྲུ་གཟིངས་ཤིག་ཐའེ་ཝན་གྱི་བྱང་ཕྱོགས་སུ་ཡོང་ཡོད་པ་དང་། གྲུ་གཟིངས་དེས་ཐའེ་ཝན་གྱི་ཉེ་འགྲམ་མཚོའི་ནང་དུ་མཚོན་ཆའི་རིགས་འཇོག་རྒྱུའི་འཆར་གཞི་འདྲ་ཡོད་སྲིད་པ་ཡིན་ནམ་ཞེས་འདྲི་དུས། ཁོང་མོས་གྲུ་གཟིངས་དེ་ཐའེ་ཝན་གྱི་ཉེ་འཁོར་ཡོང་དོན་དེ་འདྲ་ཡིན་གྱི་མ་རེད་བསམ་གྱི་འདུག འོན་ཀྱང་། ཐའེ་ཝན་གྱི་ངོས་ནས་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་དང་། དམིགས་བསལ་སྤྱི་ཚོགས་དྲྭ་ལམ་ཐོག་གནད་དོན་དེ་འདྲའི་རིགས་གླེང་སློང་བྱེད་ཀྱི་ཡོད་ཚེ་ཐའེ་ཝན་གྱི་འབྲེལ་ཡོད་ཚན་པ་ཁག་ནས་གནས་ཚུལ་གང་ཡིན་པ་གསལ་པོ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།