ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་ལྕམ་ཚེ་དབྱིང་ཝན་ལ་བསྐྱར་དུ་རྒྱབ་ཁ་ཐོབ།
ཐའེ་ཝན་གྱི་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད། གདམ་བྱའི་གནད་དོན་གཙོ་བོ་དེ་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཉར་རྒྱུ་ཡིན་མིན་ཆགས་ཡོད་པས། ཐའེ་ཝན་མི་མང་གིས་ཐའེ་ཝན་རྒྱ་ནག་ལས་ལོགས་སུ་བརྒལ་བའི་རང་བཙན་རྒྱལ་ཁབ་ཏུ་འདོད་མཁན་གྱི་འོས་མི་ལྕམ་ཚེ་དབྱིང་ཝན་སྲིད་འཛིན་དུ་བདམས་ཏེ་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་འདུག
ཐའེ་ཝན་གྱི་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད། གདམ་བྱའི་གནད་དོན་གཙོ་བོ་དེ་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཉར་རྒྱུ་ཡིན་མིན་ཆགས་ཡོད་པས། ཐའེ་ཝན་མི་མང་གིས་ཐའེ་ཝན་རྒྱ་ནག་ལས་ལོགས་སུ་བརྒལ་བའི་རང་བཙན་རྒྱལ་ཁབ་ཏུ་འདོད་མཁན་གྱི་འོས་མི་ལྕམ་ཚེ་དབྱིང་ཝན་སྲིད་འཛིན་དུ་བདམས་ཏེ་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་འདུག
དེ་ཡང་ཕྱི་ཟླ་༡ ཚེས་༡༡ རེས་གཟའ་སྤེན་པའི་ཉིན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད། ལྕམ་ཚེ་དབྱིང་ཝན་ལ་འོས་གྲངས་ཀྱི་བརྒྱ་ཆ་༥༧ ལྷག་ཐོབ་ནས་སྲིད་འཛིན་གྱི་ལས་ཡུན་གཉིས་པ་རག་རྗེས། ཁོང་གིས་འོས་བླུག་མཁན་གྱི་མི་མང་རྣམས་ལ་དངོས་སུ་“མང་གཙོའི་ལྟ་གྲུབ་ལག་བསྟར་བྱས་”པར་ཐུགས་རྗེ་ཆེ་ཞུས་འདུག
རེས་གཟའ་སྤེན་པའི་ཉིན་འོས་བསྡུ་གྲུབ་རྗེས། ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་ལ་རྒྱ་ནག་དང་ལྷན་དུ་འབྲེལ་བ་བྱེད་འདོད་ཡོད་མོད། འོན་ཀྱང་རྒྱ་ནག་གིས་ངེས་པར་དུ་ཐའེ་ཝན་གྱི་མི་མང་ཚོའི་སྐད་ཆར་གུས་བརྩི་བྱེད་དགོས་ཞེས་བཤད་དེ་ཐའེ་ཝན་དང་རྒྱ་ནག་གི་འགལ་ཟླ་གླེང་ཡོད་འདུག
དེ་བཞིན་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཁོང་གིས་“འོས་བསྡུའི་མཇུག་འབྲས་འདི་ལ་དམིགས་བསལ་གྱི་གལ་གནད་འཕར་མ་ཞིག་ཡོད། རྒྱུ་མཚན་ནི་འདིས་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་དང་མང་གཙོ་ལ་ཉེན་ཁ་འཕྲད་དུས། ཐའེ་ཝན་མི་མང་གིས་སྐད་ཤུགས་སྔར་བས་ཀྱང་ཆེ་བའི་སྒོ་ནས་ཆོད་སེམས་ཕྱི་རུ་བསྒྲགས་པ་མཚོན་གྱི་ཡོད་”ཅེས་གསུངས་ཡོད་འདུག
གཞན་ཡང་ཁོང་གིས་རྒྱ་ནག་ལ་ཐའེ་ཝན་གྱི་ཐོག་ཏུ་དྲག་པོའི་འཇིགས་སྐུལ་བྱེད་མཚམས་འཇོག་པའི་དགོས་འདུན་བཏོན་པའི་ཁར། འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཐའེ་ཝན་“མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་བརྩི་དགོས་པ་ལས་གནད་དོན་ཞིག་”ཏུ་བརྩི་མི་དགོས་ཞེས་ཀྱང་བརྗོད་ཡོད་འདུག
ཐེངས་འདིའི་འོས་བསྡུའི་ནང་འོས་འཐེན་མཁན་ས་ཡ་༡༩ ཙམ་བྱུང་འདུག་པ་ལས། མང་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚེ་དབྱིང་ཝན་ལ་འོས་གྲངས་ས་ཡ་༨ ལྷག་ཐོབ་ནས་ཐའེ་ཝན་གྱི་ལོ་རྒྱུས་ནང་འོས་གྲངས་མཐོ་ཤོས་འཐོབ་མཁན་དེ་ཆགས་ཡོད་འདུག་པ་དང་། གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་ཧན་ཀོ་ཡུ་ལ་འོས་གྲངས་ས་ཡ་༥.༤ དང་། གྲངས་ཉུང་མི་རིགས་སྲིད་དོན་ཚོགས་པའི་འོས་མི་ཇམ་སི་ཇོན་ལ་འོས་གྲངས་འབུམ་༦ བཅས་ཐོབ་ཡོད་འདུག
འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་རྗེས། གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་ཧན་ཀོ་ཡུ་ཡིས་གཏམ་བཤད་ཅིག་སྤེལ་བའི་ནང་། ཁོང་གིས་ཐེངས་འདིའི་འོས་བསྡུའི་ནང་ཁོང་ཕམ་པར་ངོས་ལེན་བྱས་པའི་ཐོག ཁ་པར་བརྒྱུད་དེ་ལྕམ་ཚེ་དབྱིང་ཝན་ལ་རྟེན་འབྲེལ་ཡང་ཞུས་ཡོད་འདུག
དེ་བཞིན་རེས་གཟའ་སྤེན་པའི་འོས་བསྡུའི་ནང་། སྲིད་གཞུང་གསར་པའི་ཁྲིམས་བཟོ་ལྷན་ཁང་ནང་དུ་མང་གཙོ་ཡར་ཐོན་ཚོགས་པར་རྐུབ་སྟེགས་མང་བ་ཐོབ་ཡོད་འདུག་སྟེ། ཁྱོན་རྐུབ་སྟེགས་༡༡༣ ཡོད་པ་ལས་དམངས་གཙོ་ཚོགས་པར་རྐུབ་སྟེགས་༦༡ དང་། གོ་མིན་ཏང་ཚོགས་པར་རྐུབ་སྟེགས་༣༨ བཅས་ཐོབ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།