ཐའེ་ཝན་གྱིས་རྒྱ་ནག་གཞུང་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གནས་ཚུལ་ཐའེ་ཝན་ལ་མཁོ་སྤྲོད་མ་བྱས་པ་དེ་“ཐ་ཤལ་”རེད་ཅེས་བཤད་འདུག

ཐའེ་ཝན་གྱིས་རྒྱ་ནག་གཞུང་ནས་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུར་མཉམ་ཞུགས་བྱེད་དུ་མ་བཅུག་པའི་ཐོག ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་སུ་མ་བཅུག་པར་བཀག་འགོག་བྱས་པ་དེ་ནི་“ཐ་ཤལ་”ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག 

ཐའེ་ཝན་གྱིས་རྒྱ་ནག་གཞུང་ནས་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུར་མཉམ་ཞུགས་བྱེད་དུ་མ་བཅུག་པའི་ཐོག ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་སུ་མ་བཅུག་པར་བཀག་འགོག་བྱས་པ་དེ་ནི་“ཐ་ཤལ་”ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག 

ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་རིམས་ནད་དེ་ཉིན་རེ་བཞིན་ཛ་དྲག་ཆེན་པོས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་ཐའེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་ཤེས་སུ་མ་བཅུག་པར་བཀག་སྡོམ་བྱས་པར། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་ལ་“ཐ་ཤལ་”ཞེས་བོས་ཏེ་ཕྱོགས་གཉིས་ཀྱི་འགལ་ཟླ་སྔར་བས་ཀྱང་སྡུག་ཏུ་བཏང་ཡོད་འདུག 

དེ་ཡང་རྒྱ་ནག་གི་ངོ་རྒོལ་དང་གནོན་ཤུགས་འོག ད་ལྟའི་ཆར་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཆགས་ཐུབ་མེད། པེ་ཅིང་གིས་རྒྱུན་དུ་ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ཚུལ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནང་རྒྱ་ནག་གིས་དེའི་ཚབ་དང་གོ་ཡོངས་སུ་ཆོད་ཐུབ་ཚུལ་བཤད་ཀྱི་ཡོད། ཡིན་ན་ཡང་། ཐའེ་ཝན་གྱིས་ཐའེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ནམ་ཡང་འགྱུར་མྱོང་མེད་པ་དང་མ་ཡིན་ཞེས་བཤད་ཀྱི་ཡོད། 

བདུན་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་ཆ་ཚང་ཐའེ་ཝན་ལ་བརྒྱུད་སྤྲོད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱི་བར་དུ་བརྡ་ལན་ལེགས་པོ་འཕྲོད་ཡོད་ཚུལ་བཤད་ཡོད་མོད། འོན་ཀྱང་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇོན་ན-ཨོ་(Joanne Ou)ཡིས་ཐའེ་ཝན་ལ་ནད་ཡམས་དེའི་སྐོར་ཀྱི་གནས་ཚུལ་ཤིན་ཏུ་ཉུང་ངུ་ཞིག་ལས་མ་རག་པ་དང་། དེ་ཡང་མགྱོགས་མྱུར་རག་མ་ཐུབ་པའི་ཚུལ་བརྗོད་ཡོད་འདུག 

དེའི་ཐད་ལ་ཇོན་ན-ཨོ་ཡིས་“ནད་ཡམས་དེ་ཤིན་ཏུ་ཚབས་ཆེ་ཡང་། ཁོང་ཚོས་ད་དུང་ཡང་’རྒྱ་ནག་གཅིག་གི་སྲིད་བྱུས་’བཀོལ་ནས་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་མཉམ་ཞུགས་བྱེད་དུ་འཇུག་གི་མེད་”ཅེས་བཤད་པའི་ཐོག “རྒྱལ་སྤྱིའི་ཐོག་ནས་བཤད་ན། རྒྱ་ནག་གཞུང་གིས་གུས་བཀུར་དང་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་ཐའེ་ཝན་ལ་གནོན་ཤུགས་སྟེར་དང་སྟེར་མུས་སུ་ཡོད་པ་དང་། འགྲོ་བ་མིའི་བདེ་ཐང་ལས་ཆབ་སྲིད་ཀྱི་བསམ་བློ་གལ་ཆེན་དུ་བཟུང་ཡོད། ནད་ཡམས་ལ་རྒྱལ་ཁབ་ཀྱི་ས་མཚམས་མེད། མི་མང་གི་བདེ་ཐང་དང་བདེ་འཇགས་ལས་ཆབ་སྲིད་ཀྱི་བསམ་བློ་གལ་ཆེན་དུ་བཟུང་བ་འདི་ནི་ཤིན་ཏུ་ཐ་ཤལ་རེད་”ཅེས་བསྣན་ཡོད་འདུག 

ཁོང་གིས་ད་དུང་ཐའེ་ཝན་ལ་ནད་ཡམས་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ནི་ཨ་རི་དང་། ཉི་ཧོང་ལྟ་བུའི་མཛའ་འབྲེལ་གྱི་རྒྱལ་ཁབ་དག་ཡིན་སྐོར་བརྗོད་པའི་ཁར། ཐའེ་ཝན་གྱི་ནད་ཡམས་སྔོན་འགོག་གི་འབད་བརྩོན་ལེགས་པོ་ཡོང་བཞིན་ཡོད་པའི་སྐོར་ཡང་ཁ་སྣོན་བྱས་ཡོད་འདུག 

རྒྱ་ནག་གིས་ཡང་ནས་བསྐྱར་དུ་ཐའེ་ཝན་ལ་ནད་ཡམས་སྐོར་གྱི་གནས་ཚུལ་བརྒྱུད་སྤྲོད་བྱེད་པར་དཀའ་ངལ་མེད་ཅེས་བཤད་དེ་ཐའེ་ཝན་གྱི་སྐྱོན་བརྗོད་དེར་ཁས་ལེན་བྱས་མི་འདུག་ལ། དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཀྱང་ཐའེ་ཝན་ལ་དགོས་ངེས་ཀྱི་གནས་ཚུལ་རག་གི་ཡོད་ཅེས་བཤད་ཡོད་འདུག 

ད་ལྟའི་ཆར་འཛམ་གླིང་གི་ཚན་རིག་པ་ཚོས་རྒྱ་ནག་ནས་བྱུང་བའི་རིམས་ནད་གསར་པ་དེ་བཅོས་ཐབས་དང་། སྔོན་འགོག་གི་ཐབས་ལམ་གསར་རྙེད་བྱུང་མེད་སྟབས། ནད་ཡམས་དེ་འགོས་པའི་ནད་པ་དང་། དེས་ཤི་བའི་ནད་པའི་ཁ་གྲངས་ཉིན་རེ་བཞིན་འཕར་ནས་དེ་རིང་ཤི་བའི་མི་གྲངས་ ༤༢༥ དང་། ནད་པ་ཁྲི་གཉིས་ལྷག་འཕར་ཟིན་ཡོད་འདུག་ཅིང་། མི་འབོར་ས་ཡ་ ༢༣ ལྡན་པའི་ཐའེ་ཝན་རྒྱལ་ཁབ་ཏུ་ནད་འབུ་དེ་འགོས་པའི་མི་ ༡༠ ཙམ་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།