ཐའེ་ཝན་གྱིས་“རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ལ་ནམ་ཡང་མགོ་བོ་སྒུར་རྒྱུ་མིན་པའི་”དམ་བཅའ་བཞག་འདུག 

རྒྱ་ནག་གིས་སླར་ཡང་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་ ༢༧ བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་གྱི་འཇིགས་སྐུལ་བྱས་ན་ཡང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་“རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ལ་ནམ་ཡང་མགོ་བོ་སྒུར་རྒྱུ་མིན་པའི་”དམ་བཅའ་བཞག་ཡོད་པའི་བསྒྲགས་གཏམ་སྤེལ་འདུག 

རྒྱ་ནག་གིས་སླར་ཡང་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་ ༢༧ བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་གྱི་འཇིགས་སྐུལ་བྱས་ན་ཡང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་“རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ལ་ནམ་ཡང་མགོ་བོ་སྒུར་རྒྱུ་མིན་པའི་”དམ་བཅའ་བཞག་ཡོད་པའི་བསྒྲགས་གཏམ་སྤེལ་འདུག 

ཉེ་བའི་ཆར་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་རྒྱུན་ཆད་མེད་པར་བཏང་ནས་ཨེ་ཤི་ཡའི་ཤར་མཐའི་གླིང་ཕྲན་རྒྱལ་ཁབ་ཆུང་ཆུང་དེར་དྲག་པོའི་བཙན་འཛུལ་གྱི་འཇིགས་སྐུལ་བྱེད་བཞིན་ཡོད་པ་ལྟར། ཁ་སང་རེས་གཟའ་ཉི་མའི་ཉིན་དེང་རབས་མཚོན་ཆའི་ནུས་པ་ལྡན་པའི་དམག་གི་གནམ་གྲུ་༢༧ བཏང་ནས་སླར་ཡང་འཇིགས་སྐུལ་ཤུགས་ཆེན་བྱས་ཡོད་འདུག 

ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇོ་སེ་ཧྥི-ཝོ་(Joseph Wu) ཡིས་རྒྱ་ནག་གི་ཁྲིམས་འགལ་བྱ་སྤྱོད་གསར་ཤོས་དེའི་དམིགས་ཡུལ་ནི། “ཐའེ་ཝན་པུས་མོ་འཛུགས་སུ་བཅུག་ནས་མང་གཙོའི་མཐུན་གྲོགས་ཚོ་ལས་ཁ་བྲལ་གཏོང་ཆེད་རེད་”ཅེས་བཤད་པའི་རྗེས། “ཡིན་ན་ཡང་། ཤེས་དགོས་པ་ཞིག་ལ། ང་ཚོས་ནམ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ལ་མགོ་བོ་སྒུར་རྒྱུ་མ་རེད། ནམ་ཡང་”ཞེས་བསྒྲགས་འདུག 

ད་ལྟ་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་འགལ་ཟླ་དེ་ཉིན་བཞིན་ཇེ་གསལ་དང་ཇེ་དྲག་ཏུ་འགྱུར་བཞིན་ཡོད་པས། ཨ་རིས་གཙོས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར་ཐའེ་ཝན་དང་ལྷན་དུ་འབྲེལ་ལམ་ཟབ་ཏུ་བཏང་ནས་ཐའེ་ཝན་མཐའ་གཅིག་ཏུ་“ཕྱིའི་དྲག་པོའི་བཙན་འཛུལ་”ལས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་སྲིད་བྱུས་འཐེན་བཞིན་པའི་སྒང་ཡིན། 

ཟླ་བ་འདི་གཅིག་པུའི་ནང་དུ་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཐེངས་གཉིས་ཐའེ་ཝན་ལ་གཟིགས་སྐོར་དུ་ཕེབས་ཡོད་པའི་ཁར། གྲོས་ཚོགས་འཐུས་མི་ནན་སེ-མཱ་ས་(Nancy Mace) ཡིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མཚོན་པའི་ཆེད་དུ་ཋོའུ་ཋར་དྲ་བའི་ཐོག་ཏུ་“ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་ཏུ་འབྱོར་ཡོད་”ཅེས་བྲིས་ཡོད། 

དེ་བཞིན་ཟླ་བ་འདིའི་ནང་དུ་ཡུ་རོབ་ཤར་མའི་རྒྱལ་ཁབ་ཆུང་ཆུང་ལི་ཐི་ནི་ཡས་(Lithuania) ཡུ་རོབ་གླིང་ཆེན་དུ་“ཐའེ་ཝན་”རང་གི་མིང་ཐོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ཐོག་མ་དེ་དངོས་སུ་དབུ་འབྱེད་བྱེད་དུ་བཅུག་པ་མ་ཟད། རྒྱ་ནག་གི་ངོ་རྒོལ་དང་དཔལ་འབྱོར་གྱི་ཉེས་ཆད་ལ་མ་ལྟོས་པར་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཁ་སང་རེས་གཟའ་ཉི་མའི་ཉིན་ཐའེ་ཝན་དུ་བཏང་འབྱོར་བྱུང་ཡོད། 

རྒྱ་ནག་ལ་དོ་སྣང་དང་ཉམས་ཞིབ་བྱེད་མཁན་འགས་བརྗོད་པ་ལྟར་ན། ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ལི་ཐི་ནི་ཡས་ཐའེ་ཝན་གྱི་གཞུང་ཚབ་ཁང་གསར་འཛུགས་བྱེད་དུ་བཅུག་པ་དེས། འཛམ་གླིང་ནང་དུ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གྱིས་ཐའེ་ཝན་ལ་ངོས་འཛིན་བྱེད་པའི་ལམ་སྲོལ་གསར་པ་ཞིག་གཏོད་སྲིད་པས། རྒྱ་ནག་གིས་གནད་དོན་དེར་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།